ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡཱའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཡཱ་ཏི་སི་ཡཱ་པེ་པཱ་ནས་བསྡུས།
2025.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡཱའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་དང་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་མུ་འབྲེལ་ལ་སྐུལ་འདེད་གཏོང་བའི་འགྲེམ་སྟོན་ཚོགས་མཚམས་སྦྱོར་ཚོགས་འདུ་ཚེས24ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་བསྡུས།

ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་དང་ཨེ་ཙེ་ཨོ་ཕི་ཡཱའི་དངུལ་གཏོང་ཨུ་ཡོན་ལྷན་ཁང་། ཨེ་ཙེ་ཨོ་ཕི་ཡཱའི་ཚོང་ཚོགས་དང་ལས་རིགས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཨེ་ཙེ་ཨོ་ཕི་ཡཱ་རུ་བསྐྱོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཁོ་འདོན་མུ་འབྲེལ་མཉམ་ལས་རྒྱ་བསྐྱེད་པ་བརྗོད་སྙིང་དུ་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་དཔལ་འབྱོར་ཉོ་ཚོང་། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་འཐུས་མི200ལྷག་བྱ་འགུལ་ལ་ཞུགས།

ཨེ་ཙེ་ཨོ་ཕི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཧེ་ཡིན་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱའི་ཡུལ་བབ་ཁྱད་སྟོབས་མངོན་གསལ་ཡིན་ཞིང་། རང་བྱུང་མི་གཞུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཉེ་འཁོར་ས་ཁུལ་དུ་ཤུགས་རྐྱེན་ནུས་པ་ཆེན་པོ་ལྡན་ལ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་དང་དཔལ་འབྱོར་འཕར་སྣོན་ཆེས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་ཨེ་ཙེ་ཨོ་ཕི་ཡཱའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མུ་འབྲེལ་འགྲེམ་སྟོན་ཚོགས་འདུ་ནི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་བརྗོད་སྙིང་དུ་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་ཚོགས་འདུ་ཐོག་མ་ཡིན་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་འབྱེད་པ་དང་མ་དངུལ་ནང་འགུག་བྱེད་པ། ལག་རྩལ་བརྗེ་རེས། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་མཐོར་འདེགས་བྱེད་པ་སོགས་ཀྱི་ཐད་སྟེགས་བུ་འདོན་སྤྲོད་བྱེད་ཐུབ་ཟེར།

ཨེ་ཙེ་ཨོ་ཕི་ཡཱའི་དངུལ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཙེ་ལའེ་ཁི་ཐི་མཱེ་སི་ཀིན་གྱིས་བཤད་རྒྱུར། ཀྲུང་གོ་ནི་དུས་རྒྱུན་དུ་ཨེ་ཙེ་ཨོ་ཕི་ཡཱའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡཱའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་ལས་ཅན། ཚན་རྩལ་གོང་འཕེལ་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ད་ལྟ་ཀྲུང་གོ་ཨེ་ཙེ་ཨོ་ཕི་ཡཱའི་ཆེས་ཆེ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོར་གྱུར་ཡོད། ཁོས་ཀྲུང་གོའི་ཚོང་དོན་ལས་རིགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱའི་དངུལ་གཏོང་གོ་སྐབས་ཆེན་མོ་དང་ཕྱོགས་གཉིས་ཀྱི་མཉམ་ལས་འཚོལ་ཞིབ་བྱེད་པར་སྟོབས་དང་ལྡན་ཞིང་རྒྱུན་མཐུད་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་འཛུགས་པར་གདན་ཞུ་བྱས་པར་མ་ཟད། ཀྲུང་གོ་ཟབ་ཞུགས་བྱས་ན་ཨེ་ཙེ་ཨོ་ཕི་ཡཱའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད། ལས་ཞུགས་གསར་སྐྲུན་བྱས་ཏེ་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ཚུལ་བསྟན།

གྲོས་ཚོགས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་འཐུས་མིས་རང་རང་གི་ཚོང་གཉེར་ཁོར་ཡུག་དང་ཁེ་ལས་ཀྱི་སྦྲེལ་མཐུན་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཁེ་ལས་དང་ལས་གཞིའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།