ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་རྒྱུན་མཐུད་ནུས་ཁུངས་གཟའ་འཁོར་ཞེས་པའི་བྱ་འགུལ་ཚེས24ཉིན་པའོ་ཚི་ཝ་ནཱའི་རྒྱལ་ས་ཧཱ་པའོ་ལོ་ནེ་ནས་སྤེལ་མགོ་བརྩམས། བྱ་འགུལ་གྱི་བརྗོད་སྙིང་ནི་རྒྱུན་མཐུད་ནུས་ཁུངས་ཀྱི་ཐག་གཅོད་ཇུས་གཞི་མྱུར་དུ་འདོན་པ་མངོན་འགྱུར་བྱེད་པ་དེ་ཡིན་ལ། ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་ས་ཁུལ་གྱི་མདུན་དུ་ལྷགས་པའི་ནུས་ཁུངས་འགྲན་རྩོད་ཐག་གཅོད་བྱས་ཏེ། ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་རེད།
པའོ་ཚི་ཝ་ནཱའི་ཙུང་ཐུང་པའོ་ཁི་ཡིས་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ངེས་པར་དུ་རྣམ་པ་གང་རུང་གི་ནུས་ཁུངས་ཐོན་སྐྱེད་དང་བགོ་བཤའ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་། ཁྱད་པར་དུ་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཐོག་མར་བེད་སྤྱོད་བྱེད་དགོས། རྒྱུན་མཐུད་ནུས་ཁུངས་ཐད་དངུལ་གཏོང་བྱེད་པ་ནི་ཁོར་ཡུག་གི་ཐབས་ཇུས་ཤིག་ཡིན་པར་མ་ཟད། དཔལ་འབྱོར་གྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ས་ཁུལ་གྱི་ནུས་ཁུངས་བདེ་འཇགས་མཐོར་འདེགས་གཏོང་བ་དེ་ས་ཁུལ་གྱི་བཟོ་ལས་ཅན་དང་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་རེ་འདུན་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།
ཁོས་ནན་གྱིས་བསྟན་དོན། ནུས་ཁུངས་མཁོ་འདོན་འཐབ་ཇུས་ལག་བསྟར་བྱེད་པར་ཐུན་མོང་འགུལ་སྐྱོད་བྱེད་དགོས་པ་དང་། རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་འགྲན་རྩོད་དེ་ཐག་གཅོད་བྱེད་ཐབས་མེད་ཟེར། ཁོས་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་ཁོངས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ས་ཁུལ་གྱི་ནུས་ཁུངས་ལས་གཞི་གསར་སྤེལ་དང་སྲིད་ཇུས་མཐུན་སྦྱོར། ལག་ལེན་ཉམས་མྱོང་མཉམ་སྤྱོད་སོགས་བརྒྱུད་དེ་ཚད་ཆེན་པོའི་སྒོ་ནས་ཐུན་མོང་ཐོན་ཁུངས་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱུན་མཐུད་ནུས་ཁུངས་གཟའ་འཁོར་ཞེས་པའི་བྱ་འགུལ་དེ་ཚེས28ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཚེས24ཉིན་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནུས་ཁུངས་པུའུ་ཀྲང་དང་པའོ་ཚི་ཝ་ནཱ་རུ་སྡོད་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། དེ་མིན་ནུས་ཁུངས་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་སོགས་མི500ཙམ་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས། ནུས་ཁུངས་གཟའ་འཁོར་སྐབས་སུ་ཚོགས་ཞུགས་མཁན་དག་མཐོ་རིམ་ཚང་འཛོམས་གྲོས་ཚོགས་དང་ཚན་ཆུང་གྲོས་བསྡུར། ཡུལ་དངོས་རྟོག་ཞིབ་སོགས་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། ཤེས་བྱ་མཉམ་སྤྱོད་དང་ལག་ལེན་ཆེས་བཟང་བོ་ཁྱབ་གདལ་དུ་གཏོང་བ། རྒྱུན་མཐུད་ནུས་ཁུངས་གསར་སྤེལ་བྱེད་པར་སྐུལ་མ་གཏོང་བའི་ཐག་གཅོད་ཇུས་གཞི་ལག་བསྟར་བྱས་ཏེ། ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ས་ཁོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།