སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་ཚེས25ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བསྡུས། གྲོས་ཚོགས་གྲོལ་སྐབས་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་པ་དང་། གནས་སྐབས་ཀྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་མྱུར་དུ་འཛུགས་པ་དང་གནས་སྐབས་ཀྱི་རྩ་ཁྲིམས་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཡོང་བའི་ཚོགས་ཞུགས་མཁན་གྱིས་གནད་འགག་གི་གནད་དོན་སོ་སོར་ཕྱོགས་ཡོངས་ནས་མངོན་གསལ་གྱིས་གྲོས་བསྡུར་བྱས་ནས་གྲུབ་འབྲས་སྣ་བཅོ་བརྒྱད་བཀོད་ཡོད་ཟེར། གསལ་སྒྲོག་ལས་སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། རྣམ་པ་གང་རུང་གི་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་ཀྱི་ཁག་གང་ཡིན་ཡང་བསྐྱུར་མི་སྲིད་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། ཆེད་ལས་ཅན་གྱི་རྒྱལ་ཁབ་དམག་དཔུང་ཞིག་འཛུགས་དགོས་པ་དང་། དཔོན་ཕྱོགས་ལས་ཁུངས་ལས་གཞན་པའི་དྲག་ཆས་རྩ་འཛུགས་ཚང་མ་ཁྲིམས་འགལ་ཚོགས་ཁག་ཏུ་བརྩི་དགོས་ཟེར།
གསལ་སྒྲོག་ལས་གནས་སྐབས་ཀྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་མྱུར་དུ་རྩ་འཛུགས་བྱས་ཏེ། བར་བརྒལ་དུས་རིམ་གྱི་དགོས་མཁོ་དང་འཚམ་པའི་གནས་སྐབས་རྩ་ཁྲིམས་བསྒྲགས་གཏམ་སྤེལ་ནས་རྩ་ཁྲིམས་ཀྱི་སྟོང་ཆ་བསྐང་དགོས་པ་དང་། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ནས་དུས་གཏན་གྱི་རྩ་ཁྲིམས་འཆར་ཟིན་ཞིག་འབྲི་དགོས་ལ། དབང་ཤུགས་དོ་མཉམ་མངོན་འགྱུར་བྱས་ནས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་དགོས་ཟེར། གསལ་སྒྲོག་ལས་ད་རུང་སི་རི་ཡཱའི་རིགས་སོ་སོའི་མི་དམངས་ཞི་བདེ་མཉམ་གནས་བྱེད་པ་དང་། རྣམ་པ་གང་རུང་གི་དྲག་ཤུགས་དང་ངན་སྐུལ། འཁོན་འཛིན་སོགས་ལ་ངོ་རྒོལ་བྱས་ཏེ། སྤྱི་ཚོགས་གཏན་འཇགས་དང་རྒྱལ་ནང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་ཞིང་ལས་དང་བཟོ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཡར་སྐུལ་གྱི་སྲིད་ཇུས་སྤྱད་དེ། འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་དངུལ་གཏོང་ལ་སྐུལ་མ་གཏོང་བ། མི་དམངས་ཀྱི་དགོས་མཁོ་བསྐང་བ། རྒྱལ་ཁབ་ཀྱི་དར་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་སི་རི་ཡཱའི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
དེ་ལས་གཞན་གསལ་སྒྲོག་ལས་དབྱི་སི་རལ་གྱིས་སི་རི་ཡཱའི་མངའ་ཁོངས་སུ་བཙན་འཛུལ་བྱས་ཏེ། མངོན་སུམ་འཛེམ་མེད་ཀྱིས་སི་རི་ཡཱའི་རྒྱལ་ཁབ་བདག་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་དཀྲུག་འཕེན་རང་བཞིན་གྱི་གཏམ་བཤད་ལ་ངོ་རྒོལ་བྱས། དེའི་མཚུངས་སུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁུལ་རྩ་འཛུགས་ཀྱིས་སི་རི་ཡཱའི་མི་དམངས་ལ་འགན་ཁུར་བའི་ལས་འགན་ཁུར་དུ་བླངས་ནས། དབྱི་སི་རལ་ལ་གནོན་ཤུགས་བྱིན་ཏེ་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།