དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གིས་གནོན་ཤུགས་དང་འཇིགས་སྐུལ། ཡང་ན་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་འོག་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།
2025.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས25ཉིན་བསྟན་དོན། དབྱི་ལིང་གིས་གནོན་ཤུགས་དང་འཇིགས་སྐུལ། ཡང་ན་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་འོག་གྲོས་མོལ་བྱེད་མི་སྲིད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་ཨུ་རུ་སིའི་བར་གྲོས་མོལ་ཟབ་མོ་བྱེད་བཞིན་ཡོད། དབྱི་ལིང་གིས་གནོན་ཤུགས་དང་འཇིགས་སྐུལ། ཡང་ན་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་འོག་གྲོས་མོལ་བྱེད་མི་སྲིད་ལ། ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་ན། དབྱི་ལིང་དང་ཨ་མེ་རི་ཁས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་ཐབས་མེད་ཟེར།

ཨ་ལཱ་ཀི་ཆི་ཡིས་ད་རུང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་པའི་གཅིག་གྱུར་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་འབྲེལ་ཡོད་གྲོས་གཞི་དེ་དང་ལེན་བྱེད་ཐབས་མེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ནུས་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ཞིབ་ཏུ་བྱས་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་ནི་ཉམས་ཉེན་ཐག་གཅོད་བྱེད་པའི་གདམ་གསེས་ཆེས་བཟང་བོ་ཡིན་པར་བསམ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།