ཅོར་ཏན་གྱི་རྒྱལ་བོས་སི་རི་ཡཱའི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
2025.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས26ཉིན་ཨན་མན་ནས་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་དང་གྲོས་མོལ་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཅོར་ཏན་གྱིས་སི་རི་ཡཱའི་དམངས་ཡོངས་ཟབ་ཞུགས་བྱེད་པའི་འཕེལ་རིམ་གྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དབྱི་སི་རལ་གྱིས་སི་རི་ཡཱའི་མངའ་ཁོངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། སི་རི་ཡཱའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་ཅོར་ཏན་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་མཐུན་སྦྱོར་ཟབ་མོར་ཤུགས་སྣོན་བྱས་ཤིང་། མཐའ་མཚམས་ཀྱི་བདེ་འཇགས་དང་འབྲེལ་བའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། མཚོན་ཆ་དང་དུག་རྫས་ལྐོག་འཚོང་གི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། སི་རི་ཡཱའི་ཡུལ་གྱར་བ་དག་རང་མོས་ལྟར་བདེ་འཇགས་ངང་ཕྱིར་རྒྱལ་ནང་དུ་ལོག་པར་ཆ་རྐྱེན་འོས་འཚམ་བསྐྲུན་དགོས་པའི་ཚུལ་བསྟན།

ཧྲ་ལཱ་ཡིས་ཅོར་ཏན་གྱིས་སི་རི་ཡཱའི་བསྐྱར་འཛུགས་དང་དེ་མིན་གཅིག་གྱུར་དང་བདེ་འཇགས། གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཕྱོགས་གཉིས་ཀྱིས་ད་རུང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་ཁེ་ཕན་མངོན་འགྱུར་བྱེད་པ་དང་། ཨ་རབ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་ཐད་ནས་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།