ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་བབ་བསྟུན་དང་རྒྱུན་མཐུད་ལྡན་ལ། སྔར་ལས་འདྲ་མཉམ་གྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཛུགས་དགོས་པའི་འབོད་སྐུལ་བཏང་།
2025.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས26ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་ནས་ཚོགས་མགོ་བརྩམས། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཕྱོགས་སོ་སོས་ཐུན་མོང་འགུལ་སྐྱོད་སྤེལ་བའི་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད་དེ། བབ་བསྟུན་དང་རྒྱུན་མཐུད་ལྡན་ལ། སྔར་ལས་འདྲ་མཉམ་གྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཛུགས་དགོས་པའི་འབོད་སྐུལ་བཏང་།

ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེར་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་མང་རིང་ལུགས་ཉམས་དམས་སུ་སོང་བ་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དེ་སྔར་ལས་ཁྱབ་རྒྱ་ཆེ་བའི་ཕྱོགས་མང་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་དང་བབ་བསྟུན། དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་ཆ་རྐྱེན་བསྐྲུན་པའི་འགན་འཁྲི་ཡོད་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕར་སྣོན་དལ་ཞིང་དོ་མཉམ་མིན་པ་དང་། བུ་ལོན་ཁག་ཁུར་ཇེ་ཆེར་སོང་བ། རྒྱུན་མཐུད་དབུལ་ཕོངས་དང་འདྲ་མཉམ་མིན་པ། ནམ་ཟླའི་འགྱུར་ལྡོགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཕྱོགས་མང་མཉམ་ལས་གལ་འགངས་ཧ་ཅང་ཆེ་ཟེར།

ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་བ་ལས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཁྲོད་ཀྱི་གལ་ཆེན་རང་བཞིན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་མངོན་པར་མཚོན་ཡོད་ཀྱང་། ཨ་ཧྥེ་རི་ཁ་གླིང་ཡང་ནམ་ཟླའི་འགྱུར་ལྡོག་དང་དབུལ་ཕོངས། ཆུ་ཚད་མཐོ་བའི་བུ་ལོན་སོགས་འགྲན་རྩོད་ཆེན་པོར་འཕྲད་ཡོད་པས། ཁོས་འཛམ་གླིང་ཡོངས་ཀྱིས་ཨ་ཧྥེ་རི་ཁ་གླིང་ལ་དོ་སྣང་དང་། ཨ་ཧྥེ་རི་ཁ་གླིང་གིས་སྔར་ལས་མྱུར་ཞིང་དཀྱེལ་ཡངས་དང་རྒྱུན་མཐུད་ཅན་གྱི་འཕར་སྣོན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོགས་ཞུགས་འཐུས་མིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་བུ་ལོན། རྨང་གཞིའི་སྒྲིག་ཆས། རྒྱུན་མཐུད་ཐུབ་པའི་དངུལ་ལོར་འཕེལ་རྒྱས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།