ཡོ་རོབ་གླིང་མནའ་འབྲེལ་གྱིས་བཟོ་སྐྲུན་ལས་རིགས་ཀྱི་ནུས་ཁུངས་ཚུལ་བསྒྱུར་ལ་རྒྱབ་སྐྱོར་བྱེད་པའི་དག་གཙང་བཟོ་ལས་གྲོས་མཐུན་ཁྱབ་བསྒྲགས་བྱས།
2025.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས26ཉིན་དག་གཙང་བཟོ་ལས་གྲོས་མཐུན་ཁྱབ་བསྒྲགས་བྱས་པ་དང་། དུས་ཡུན་ཐུང་ངུའི་ནང་ཡོ་སྒོར་ཁྲག་ཁྲིག་གཅིག་བཀོལ་ནས་ས་ཁུལ་རང་གི་བཟོ་སྐྲུན་ལས་རིགས་ཀྱི་ནུས་ཁུངས་ཚུལ་བསྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་བཟོ་ལས་འགྲན་རྩོད་ནུས་པར་ཤུགས་སྣོན་བྱེད་རྒྱུའི་འཆར་གཞི་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། དག་གཙང་བཟོ་ལས་གྲོས་མཐུན་ནི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་རང་གི2024ལོ་ནས2029ལོའི་བར་གྱི་ཆབ་སྲིད་མཛུབ་ཁྲིད་ཕྱོགས་སྟོན་ནང་བཏོན་པའི་གྲོས་གཞི་གལ་ཆེན་ཞིག་ཡིན་པ་དང་། སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ལས་འགན་ཁུར་རྗེས་ཉིན་བརྒྱའི་ནང་གི་ལས་དོན་གཙོ་བོའི་ནང་བཞག་ཡོད། གྲོས་མཐུན་ལས་ཁྱབ་ཁོངས་གཙོ་བོ་གཉིས་གནད་སར་བཟུང་ཡོད་དེ། གཅིག་ནི་རིན་གོང་མཐོ་བའི་ནུས་ཁུངས་མ་རྩ་དང་རྙོག་འཛིང་ཆེ་བའི་ལྟ་རྟོག་ཁོར་ཡུག་གི་ནུས་ཁུངས་ཚད་བརྒལ་གཅིག་འདུས་ཅན་གྱི་ཐོན་ལས་ཡིན་པ་དང་། གཉིས་ནི་མ་འོངས་པའི་འགྲན་རྩོད་ནུས་པ་དང་འཕར་སྣོན་གྱི་སྲོག་ཤིང་དུ་གྱུར་ནས་བཟོ་ལས་ཚུལ་བསྒྱུར་ལ་གལ་འགངས་ཆེ་བའི་དག་གཙང་ལག་རྩལ་ཡིན་པ་རེད།

ནུས་ཁུངས་མ་རྩ་ཇེ་དམའ་རུ་གཏོང་བའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ད་རུང་ཁག་ཁུར་ཐུབ་པའི་ནུས་ཁུངས་འགུལ་སྐྱོད་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་པ་དང་། དག་གཙང་བཟོ་ལས་གྲོས་མཐུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བྱས་ཡོད། སྔོན་དཔག་བྱས་ན2040ལོའི་བར་འགུལ་སྐྱོད་འཆར་གཞི་དེས་ལོ་རེར་ཡོ་རོབ་གླིང་མནའ་འབྲེལ་གྱི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཡོ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་དྲུག་གི་ནུས་ཁུངས་འགྲོ་སོང་ཇེ་ཉུང་དུ་གཏོང་ཐུབ་པ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ནུས་ཁུངས་དབུལ་ཕོངས་གནད་དོན་གྱིས་ཡོ་རོབ་གླིང་གི་སྡོད་དམངས་བྱེ་བ་བཞི་དང་ས་ཡ་དྲུག་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་། བཟོ་ལས་གློག་རིན་ཡང་བསྟུད་མར་ཇེ་མཐོར་སོང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ནུས་པ་ཇེ་ཞན་དུ་བཏང་ཡོད།



བསོད་ནམས་ཚེ་རིང་གིས་བསྒྱུར།