མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཚེས26ཉིན་བསྟན་དོན། ཕཱ་ལེ་སི་ཐན་གྱི་མངའ་ཁོངས་དང་མི་དམངས་གཅིག་སྡུད་དང་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་པའི་གྲོས་གཞིར་ངོ་རྒོལ་བྱེད་པ་དང་། གྲོས་གཞི་དེ་དག་གིས་ས་ཁུལ་ཧྲིལ་བོའི་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་ཟེར།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་བརྒྱད་པ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ས་ཁུལ་གྱི་སྙན་ཞུའི་ཐད་ནས་མཉམ་འབྲེལ་གྲོས་མོལ་བྱས། ཐུའུ་ཨར་ཁི་ཡིས་རང་གི་སྙན་ཞུའི་ནང་བཤད་རྒྱུར། ངེས་པར་དུ་ཁྲིམས་འགལ་བྱ་སྤྱོད་དེ་རྒྱུན་རྣམ་ཅན་དུ་གཏོང་བའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དང་། དེའི་ནང་གཅིག་སྡུད་དང་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་པའི་གྲོས་གཞི་སོགས་འདུས་ཡོད་ལ། བྱ་སྤྱོད་དེ་དག་གིས་ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་མི། ཐ་ན་ས་ཁུལ་ཧྲིལ་བོའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་ཟེར།
ཐུའུ་ཨར་ཁི་ཡིས་སྙན་ཞུའི་ནང་བསྟན་དོན། ལོ་མང་བོའི་རིང་ལ་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་མང་ཚོགས་ཀྱི་ཆེས་གཞི་རྩའི་འགྲོ་མིའི་ཐོབ་ཐང་འཕྲོག་ཡོད་པ་དང་། དེའི་ནང་རང་བདག་ཐག་གཅོད་དབང་ཆ་དང་རང་དབང་འགུལ་སྐྱོད། འོས་འཚམ་གྱི་འཚོ་བའི་ཆ་རྐྱེན་བཅས་འདུས་ཟེར། ཁོས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་བཀག་སྡོམ་ཐེབས་རྗེས་ཐུན་མོང་ཆད་གཅོད་ཀྱི་རྣམ་པ་གྲུབ་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཁྲིམས་འགལ་གཏན་སྡོད་བྱེད་ས་དང་དྲག་ཤུགས་བྱ་སྤྱོད་དེ་ལོ་ངོ་བཅུ་ཕྲག་འགའི་རིང་ལ་བསྟུད་མར་ཛ་དྲག་ཏུ་གྱུར་བ་དང་། ཁྱད་པར་དུ་འདས་པའི་ལོ་གསུམ་ནང་ལྷག་ཏུ་ཚབས་ཆེན་ཡིན་ལ། ཁྲིམས་འགལ་བྱ་སྤྱོད་མང་ཆེ་བར་ད་ལྟའི་བར་ཆད་གཅོད་ཐེབས་མེད་ཟེར།
ཐུའུ་ཨར་ཁི་ཡིས་འབྲེལ་ཡོད་ཕྱོགས་ཁག་གིས་མྱུར་མོར་འཁྲུག་རྩོད་དེ་མཇུག་སྒྲིལ་དུ་འཇུག་པ་དང་། ཆ་རྐྱེན་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ལ་རང་སྟེང་གི་མ་འོངས་པ་རང་བདག་ཐག་གཅོད་བྱེད་པའི་ཁེ་དབང་ཡོད་པ་ཡང་བསྐྱར་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།