མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཚེས26ཉིན་བཤད་རྒྱུར། སུའུ་ཏན་ནུབ་ངོས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མང་མངའ་སྡེའི་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་སའི་དྲག་ཆས་འཁྲུག་རྩོད་ཇེ་སྡུག་ཏུ་སོང་བའི་དབང་གིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཡུལ་གྱར་བའི་སྒར་ས་དེར་དགོས་ངེས་ཀྱི་འབྲུ་རིགས་དང་འཚོ་བཅུད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་མཚམས་བཞག་ཡོད་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པའི་གཟའ་འཁོར་གཉིས་ནང་། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་སའི་འཐབ་འཁྲུག་ཛ་དྲག་ཏུ་གྱུར། བདེ་འཇགས་ལ་བསམ་བློ་བཏང་སྟེ་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་དེའི་མཉམ་ལས་གྲོགས་པོ་དག་ཡུལ་གྱར་བའི་སྒར་ས་ནས་ཕྱིར་འཐེན་བྱས་ཡོད་ཟེར། 2024ལོའི་ཟླ8པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཡུལ་གྱར་བའི་སྒར་ས་དེར་ལྟོགས་སྡུག་མྱོང་བཞིན་པའི་གནས་ཚུལ་ཡོད་པའི་ཚུལ་བསྟན་པའི་ཚུན་ལ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་སྐྱེལ་འདྲེན་རུ་ཁག་གཅིག་མ་གཏོགས་ས་དེར་བདེ་བླག་ངང་འབྱོར་མེད། ད་ལོའི་ཟླ2པར། ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་སའི་དཀྱིལ་སྙིང་ཚོང་རར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པས། ས་དེའི་སྡོད་དམངས་དག་གིས་ཟས་རིགས་དང་མཁོ་དངོས་གཞན་པ་ལྷག་ཏུ་དཀོན་པར་གྱུར་ཡོད་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཨ་ཧྥེ་རི་ཁ་ཤར་མ་ས་ཁུལ་གྱི་གཙོ་གཉེར་རམ་སུའུ་ཏན་ལས་དོན་གྱི་ཀྲུའུ་རིན་ཚབ་མ་པུའུ་ཁའེ་ལཱ་ཡིས་གསལ་སྒྲོག་ནང་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རྩ་འཛུགས་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས་ནས། རོགས་སྐྱོར་བྱ་བ་སླར་གསོ་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་བཤད་རྒྱུར། མིག་སྔར་སུའུ་ཏན་གྱི་ས་ཁུལ་ཉེར་བདུན་གྱི་མི་ས་ཡ་གཉིས་ཀྱིས་ལྟོགས་སྡུག་མྱོང་བཞིན་ཡོད་པའམ་ལྟོགས་སྡུག་མྱོང་ལ་ཡོད། ཟླ་རེར་དུས་བཅད་ལྟར་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་པ་ནི་ས་དེའི་ལྟོགས་སྡུག་སེལ་བའི་བྱེད་ཐབས་ཉག་ཅིག་ཡིན་ཟེར།
ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་བའི་སྒར་ས་དེ་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ཧྥ་ཞི་ཨར་གྲོང་ཁྱེར་གྱི་ཉེ་སར་ཡོད་ཅིང་། སུའུ་ཏན་གྱི་ཆེས་ཆེ་བའི་ཡུལ་གྱར་བའི་སྒར་ས་ཞིག་ཡིན་པ་དང་། ད་ལྟ་ཧ་ལམ་མི་འབུམ་ལྔ་ཙམ་ཡོད་ལ། གཙོ་བོ་སུའུ་ཏན་གྱི་འཁྲུག་རྩོད་ལས་བྱུང་བའི་ས་ཁོངས་རང་གི་ཡུལ་གྱར་བ་རེད། 2024ལོའི་ཟླ12པའི་ཚུན་ལ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཡུལ་གྱར་བའི་སྒར་ས་དེར་ཐེངས་མང་བོར་འཇབ་རྒོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།