ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས27ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གཙོ་བོ་ཅཱ་ཧྲ་ས་ཁུལ་དང་སི་རི་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་པར་མ་ཟད། ངེས་པར་དུ་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་དུས་གཏན་དང་དྲང་བདེན་གྱི་ཆབ་སྲིད་ཐག་གཅོད་བྱེད་ཐབས་ཤིག་འགོད་དགོས་པ་ནན་བཤད་བྱས། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་མི་རང་གི་ས་ཁོངས་སུ་སྡོད་དུ་བཅུག་ནས་ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་བཞིན་ཡོད་ལ། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་སི་རི་ཡཱའི་གནས་བབ་ཀྱི་འཕེལ་རྒྱས་གསར་བར་གྲོས་བསྡུར་བྱས་པ་དང་། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་པ་དང་། དེའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་བཞིན་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དྲུང་ཨེ་ཅིབ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས། གནས་སྐོར། མཁའ་འགྲུལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཨེ་ཅིབ་ཀྱི་ཏཱ་པཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ལས་གཞི་དང་ཨེ་ཅིབ་ཀྱི་སུའུ་དབྱེ་ཧྲི་སྐྱེལ་འདྲེན་ཆུ་བོའི་དཔལ་འབྱོར་ས་ཁུལ་གྱི་ཨུ་རུ་སིའི་བཟོ་ལས་གླིང་གི་ལས་གཞི་དམིགས་སུ་བཀར་ནས་གླེང་།
བསོད་ནམས་ཚེ་རིང་གིས་བསྒྱུར།