དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་སོང་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས།
2025.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཐུས་ཚབ་ཚོགས་པ་མངག་ནས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་བ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་དང་མཉམ་དུ་རྗེས་མཐུད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བཀོད་སྒྲིག་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཨར་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པའི་ཐེངས་འདིའི་འགྲུལ་བཞུད་དེ་ཧཱ་མཱ་སིའི་བར་གྱི་གྲོས་མོལ་དེར་ཐུན་མོང་གི་རྨང་གཞི་ཡོད་མེད་ལ་དཔྱད་འཇོག་བྱེད་ཆེད་ཡིན་པ་དང་། དབྱི་སི་རལ་ད་ཡོད་ཀྱི་དམག་དོན་བཀོད་སྒྲིག་སྲུང་འཛིན་བྱེད་པའི་གནས་ཚུལ་འོག་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་ཇེ་རིང་དུ་གཞོལ་བ་ལས། གྲོས་མཐུན་ལྟར་དུས་རིམ་གཉིས་པར་ཞུགས་ནས་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུ་དེ་མིན། ཧཱ་མཱ་སི་ཡིས་བཀག་འཇུག་ཐེབས་པའི་མི་སྣ་སྔར་ལས་མང་བོ་ཕྱིར་བཏང་ན། དབྱི་སི་རལ་གྱིས་མིག་སྔའི་དུས་རིམ་དེ་ཇེ་རིང་དུ་གཏོང་འདོད་ཡོད་ཟེར།

མིག་སྔའི་གྲོས་མཐུན་ལྟར་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་ཉིན42རྗེས་སུ་ལག་བསྟར་བྱེད་དགོས་པ་སྟེ་ཟླ3པའི་ཚེས1ཉིན་དངོས་སུ་མཇུག་སྒྲིལ་ཡོདཔ་རེད།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་དང་ཕྱི་འབྲེལ་པུའུ་ཀྲང་སཱ་ཨར་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྐོར་ཐེངས་གཉིས་ཀྱི་གྲོས་ཚོགས་བསྡུས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མིག་སྔའི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོ་དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་བར་ཇེ་རིང་དུ་བཏང་རྗེས། དབྱི་སི་རལ་གྱིས་བཀག་འཇུག་ཐེབས་པའི་མི་སྣ་སྔར་ལས་མང་བོ་ཕྱིར་གཏོང་བར་བརྩོན་ལེན་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར། ཁཱ་ཚི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ མིག་སྔའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་སྟེ་སྔར་ལས་མང་བའི་བཀག་འཇུག་མི་སྣ་ཕྱིར་གཏོང་དུ་འཇུག་འདོད་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། དམིགས་འབེན་དེ་མངོན་འགྱུར་བྱེད་པའི་ཆེས་ནུས་ལྡན་གྱི་བྱེད་ཐབས་ནི་སྔར་བཞིན་དྲང་བདེན་ཡིད་རྟོན་རུང་བའི་དམག་དོན་ཟིལ་ཤུགས་ཡིན་ལ། དེ་ཡང་དབྱི་སི་རལ་གྱི་མིག་སྔའི་འཐབ་ཇུས་སྲོག་ཤིང་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།