ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཚེས27ཉིན་ཐུར་ཁེའི་དབྱི་སི་ཐན་པའོ་ཨར་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བསྡུས་པའི་གྲོས་མོལ་ཐོག་མ་ཡོངས་འགྲུབ་བྱས།
རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཉིན་དེར་དབྱི་སི་ཐན་པོར་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་དུས་ཚོད་དྲུག་ལྷག་ལ་གསང་བའི་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས་མྱུར་དུ་སྨྱན་བྱད་ལ་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་ལ། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པ་རླངས་འཁོར་ལ་བསྡད་དེ་གྲོས་མོལ་བྱེད་ས་དང་བྲལ་བ་རེད།
ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་དེའི་སྔོན་གསར་འགོད་པར་བཤད་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ལག་རྩལ་རིམ་པའི་གྲོས་མོལ་ཡིན་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནས་རང་རང་གི་བཅའ་སྡོད་གཞུང་ཚབ་ཁང་གི་འཁོར་སྐྱོད་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་སྣའི་སྐད་ཆ་དྲངས་ཏེ་བཤད་རྒྱུར། ཕྱོགས་གཉིས་ཀྱི་གྲོས་མོལ་ཁྲོད་གཞུང་ཚབ་ཁང་གི་འཁོར་སྐྱོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། མི་སྣའི་བཀོད་སྒྲིག་དང་ལམ་ཡིག་སོགས་ལ་འབྲེལ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།