ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་གིས་ཚེས26ཉིན་ཁྲའོ་ཞན་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་འཐབ་ཇུས་སྐོར་འདེད་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་བྱས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་གཏོང་འཕེན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས།
བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་འཐབ་ཇུས་སྐོར་འདེད་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། སོ་སོར་སྐར་ཆ་བདུན་སྟོང་དགུ་བརྒྱ་རེ་གཅིག་དང་བདུན་སྟོང་དགུ་བརྒྱ་དོན་གསུམ་ལ་སྤྱི་ལེ་ཆིག་སྟོང་ལྔ་བརྒྱ་གྱ་བདུན་འཕུར་སྐྱོད་བྱས་རྗེས་དམིགས་འབེན་ལ་ཕོག་ཡོད། ཐེངས་འདིའི་གཏོང་འཕེན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ངོ་ཡ་མཁན་གྱིས་ཁྲའོ་ཞན་མི་དམངས་དམག་གི་བར་སྟོང་ངེས་ཅན་གྱི་ཕྱིར་རྒོལ་ནུས་པ་དང་ཉིང་རྡུལ་མཚོན་ཆའི་སྐྱེལ་འདྲེན་བྱེད་ཐབས་མི་འདྲ་བའི་གྲ་སྒྲིག་གནས་ཚུལ་གསལ་བོར་མཐོང་ཐུབ་པ་དང་། དེའི་ཚོད་འཛིན་ནུས་པའི་ཡིད་རྟོན་གྱི་ཚད་མངོན་པར་བྱས་ཡོད་ལ། འཐབ་ཇུས་སྐོར་འདེད་འཕུར་མདའི་དམག་དཔུང་གིས་བྱང་ཆ་ལྡན་པའི་སྒོ་ནས་མེ་ཤུགས་ཆམ་ཕབ་གཏོང་བའི་ལས་འགན་ལག་བསྟར་ཐུབ་པར་འགན་སྲུང་བྱེད་ཆེད་ཡིན་ཟེར།
ཅིན་ཀྲིན་ཨིན་གྱིས་བྟན་དོན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གྲུབ་ཆའི་ཡིད་རྟོན་གྱི་ཚད་དང་སྐྱེལ་འདྲེན་གནས་ཚུལ་ཚོད་ལྟ་བྱས་ཏེ་རང་གི་ཟིལ་ཤུགས་མངོན་པར་བྱེད་པ་ནི་འགན་ཁུར་བའི་སྒོ་ནས་འཐབ་འཁྲུག་གི་ཚོད་འཛིན་ནུས་པ་ལག་བསྟར་བྱེད་པ་ཡིན་ཟེར། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཉིང་རྡུལ་མཚོན་ཆའི་སྟོབས་ཤུགས་ཀྱི་འཐབ་འཁྲུག་གྲ་སྒྲིག་བཟང་བོ་བྱེད་པ་དང་། དེ་བེད་སྤྱོད་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པར་མ་ཟད། ཉིང་རྡུལ་མཚོན་ཆར་བརྟེན་ནས་རྒྱལ་ཁབ་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་སྟོབས་ཤུགས་ཀྱི་འགན་འཁྲི་དང་རང་གཤིས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།