ཚེས27ཉིན་གྱི་དགོང་མོ་ཁོང་ཀོ(ཅིན)སྲིད་གཞུང་གིས་བསྟན་དོན། ཁོང་ཀོ(ཅིན)སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས“M23འགུལ་སྐྱོད”ཅེས་པའི་བར་པེ་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཀི་མ་རུ་གདོང་ཐུག་བྱུང་ནས་མི8500ལྷག་ཙམ་རྐྱེན་ལམ་དུ་ཤོར་ཟེར།
ཁོང་ཀོའི(ཅིན)འཕྲོད་བསྟེན་པུའུ་ཀྲང་ཁན་པ་ཡིས་ཉིན་དེར་རྒྱལ་ས་ཅིན་ཧྲ་སར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། གདོང་ཐུག་དེ་ལས་མི8500ལྷག་ཙམ་ཚེ་ལས་འདས་པར་མ་ཟད། ད་དུང་མི5597ལ་རྨས་ཕོག་ཡོད། ཉེ་ལམ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བགྲོད་ལམ་གཞི་ནས་ཕྱེས་ཡོད་ལ་དངོས་རྫས་སྐོར་ཅིག་ཀི་མ་གྲོང་ཁྱེར་དང་དེའི་མཐའ་འཁོར་ས་ཁུལ་དུ་སྐྱེལ་བཞིན་ཡོད་ཟེར།
ཉེ་ལམ་ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་བདེ་འཇགས་གནས་བབ་ཛ་དྲག་ཏུ་ཕྱིན་པ་དང་། “M23འགུལ་སྐྱོད”ཅེས་པའི་རྩ་འཛུགས་དེས་་པེ་ཅི་ཝུའུ་ཞིང་ཆེན་དང་ནན་ཅི་ཝུའུ་ཞིང་ཆེན་དུ་མུ་མཐུད་དུ་ཕར་རྒོལ་བྱས་པས་ཤི་རྨས་ཆེན་པོ་བཟོས་པ་དང་གྲོང་མི་རྣམས་ཡུལ་གྱར་བྱས་ཡོད། ཟླ1ཚེས26ཉིན་གྱི་དགོང་མོ་ནས་བཟུང་སྲིད་གཞུང་གི་དམག་དཔུང་དང“M23འགུལ་སྐྱོད”ཀྱིས་ཀི་མ་གྲོང་ཁུལ་དང་དེའི་མཐའ་འཁོར་དུ་རྒྱུན་ཆད་མེད་པར་འཐབ་འཁྲུག་རྒྱག་བཞིན་ཡོད་པ་རེད། ཁན་པ་ཡིས་བསྟན་དོན། ཟླ2པའི་ཚེས14ཉིན་ནས་བཟུང་ནན་ཅི་ཝུའུ་ཞིང་ཆེན་ཝུའུ་ཝུའེ་ལ་གྲོང་རྡལ་གྱི་གདོང་ཐུག་ལས་ཉུང་མཐར་ཡང་མི52རྐྱེན་ལམ་དུ་ཤོར་བ་དང་མི179ལ་རྨས་ཕོག་ཡོད། གདོང་ཐུག་དེའི་དབང་གིས་ཡུལ་དེར་སྐྱུག་བཤལ་སོགས་ཀྱི་ནད་བྱུང་སྟེ་སྤྱི་པའི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཟེར།
ཚེས27ཉིན་ནན་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་པུའུ་ཁ་ཝུའུ་རུ་འབར་གས་ཐེངས་གཉིས་བྱུང་ནས་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་མི65ལ་རྨས་ཕོག་ཡོད།
2009ལོའི་ཟླ3པར། ཁོང་ཀོ(ཅིན)སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཏེ། “མི་དམངས་རྒྱལ་དམངས་ཚོགས་ཆེན་སྲུང་སྐྱོབ”གྱིས་སྲིད་གཞུང་དང་ཞི་བདེའི་གྲོས་མཐུན་བཞག་ནས་སྲིད་གཞུང་གི་དམག་དཔུང་ལ་ཞུགས་པ་རེད། 2012ལོར་སྔོན་ཆད་ཀྱི་མི་དམངས་རྒྱལ་དམངས་ཚོགས་ཆེན་སྲུང་སྐྱོབ”ལ་བློ་དཀར་བའི་དཔོན་དམག་སྐོར་ཅིག་གིས་དམག་འཁྲུག་བསླངས་ནས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་གསར་པ“M23འགུལ་སྐྱོད”གྲུབ་པར་མ་ཟད། ཁོང་ཀོ(ཅིན)ཤར་རྒྱུད་དུ་ཕར་རྒོལ་བྱས་ནས་མི་མང་པོར་ཤི་རྨས་བཟོས། 2022ལོའི་ཟླ5པར་ཁོང་ཀོ(ཅིན་)སྲིད་གཞུང་གིས“M23འགུལ་སྐྱོད”འཇིགས་སྐུལ་རྩ་འཛུགས་སུ་གཏན་འཁེལ་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།