ཚེས27ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ཉེན་རྟོག་ལས་དོན་ཆེད་མངགས་པའི་རྒྱུན་ལྡན་གྱི་གླེང་མོལ་ཚོགས་འདུའི་སྟེང་བསྟན་དོན། བདེ་སྲུང་ཉེན་རྟོག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་བྱ་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ཉེན་རྟོག་པས་རྒྱལ་སྤྱིའི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་བཟང་པོ་བཞག་པར་བསྔགས་བརྗོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་སྲུང་ཉེན་རྟོག་པའི་ལས་དོན་མུ་མཐུད་དུ་ལེགས་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།
ཧྥུའུ་ཚུང་གིས་བདེ་སྲུང་ཉེན་རྟོག་པའི་དབང་ཆ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་བདེ་སྲུང་ཉེན་རྟོག་པའི་ནུས་པའི་འཛུགས་སྐྲུན་མཐོར་འདེགས་བྱེད་པ། བདེ་སྲུང་ཉེན་རྟོག་པའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་བ་བཏོན།
ཧྥུའུ་ཚུང་གིས2025ལོ་ནི་ཀྲུང་གོའི་ཉེན་རྟོག་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་བྱ་སྤྱོད་ཁྲོད་ཞུགས་ནས་ལོ25ལོན་པའི་ལོ་རེད། ལོ25ཡི་རིང་ལ་ཀྲུང་གོ་ཕྱོགས་ཀྱིས་སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་བྱ་སྤྱོད་ཁག་18དང་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བདེ་སྲུང་ཉེན་རྟོག་པ་མི་ཐེངས2700ལྷག་ཙམ་མངགས་ནས། བཅའ་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་པ་དང་། ས་གནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ། ཁྲིམས་འཛིན་བསྐྱར་སྐྲུན་ལ་སྐུལ་འདེད་བཅས་བྱེད་པར་བྱས་རྗེས་ཆེན་པོ་ཕུལ་ཡོད། བརྒྱུད་རིམ་དེའི་ཁྲོད་ཀྲུང་གོའི་ཉེན་རྟོག་པ་8ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་བྱ་སྤྱོད་ཁྲོད་རྩ་ཆེའི་ཚེ་སྲོག་བློས་བཏང་ཡོད། ཀྲུང་གོས2016ལོར་སྔོན་ལ་སྒྲིག་གཞིའི་རྒྱུན་གྲབས་བདེ་སྲུང་ཉེན་རྟོག་རུ་ཁག་བཙུགས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ནུས་པའི་བཀའ་སྒུག་སྒྲིག་གཞིའི་རིམ་པ་མཐོ་ཤོས་མུ་མཐུད་དུ་སྲུང་འཛིན་བྱས་ཡོད། ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཕྱི་ཕྱོགས་ཉེན་རྟོག་པའི་གསོ་སྦྱོང་དང་ལག་རྩལ་བརྗེ་རེས་བྱ་འགུལ་ཧུར་ཐག་གིས་སྤེལ་ནས། རྒྱལ་ཁབ76ནས་ཡོང་བའི་ཕྱི་རྒྱལ་གྱི་ཉེན་རྟོག་པ2000ཙམ་ལ་ཉེན་རྟོག་པའི་རྩལ་ནུས་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་བརྒྱུད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ལ་མུ་མཐུད་དུ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཧྥུའུ་ཚུང་གིས་མ་འོངས་པར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་མགོ་ཁྲིད་པས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་ཧུར་ཐག་གི་ལག་བསྟར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་སྲུང་ཉེན་རྟོག་པའི་ལས་དོན་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།