ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་དང་དངུལ་གཏོང་གླེང་སྟེགས་དང་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་འགྲེམས་ཚོགས་ཀྱི་འོས་སྦྱོར་ཚོགས་འདུ་དེ་ཚེས27ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པའེ་རུ་བསྡུས་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་མཐུན་ཚོགས་དང་ཁེ་ལས་ཀྱི་འཐུས་མི་སོགས་མི120ལྷག་ཙམ་བྱ་འགུལ་དུ་ཞུགས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ནས་གན་རྒྱ་བཞག་པའི་གྲུབ་འབྲས་མང་པོ་ཞིག་བླངས་ཡོད།
ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རིན་ཧུང་པིན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཉོ་ཚོང་དང་ནུས་རྒྱུ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། ནུས་ཁུངས་གསར་པ་དང་གཞི་གྲངས་དཔལ་འབྱོར་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ལག་གདང་སྦྲེལ་ནས་ཕྱོགས་གསུམ་པའི་ཁྲོམ་ར་གསར་འབྱེད་དང་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཕྱོགས་མང་ལམ་སྲོལ་གྱི་བཟོ་ཚོང་ལས་རིགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཁྱབ་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པའི་ལས་རོགས་པ་མཱ་ལི་ཡ·ཁ་ཞི་མུའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོང་ལས་གྲོགས་པོ་ཆེ་ཤོས་ཡིན་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་དངུལ་གཏོང་བྱ་གཞག་དར་སྤེལ་བྱེད་དུ་ཡོང་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མ་འོངས་པར་རྒྱང་ལྟ་བྱས་ཚེ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་རྒྱ་ཆེར་འགྲོ་བཞིན་ཡོད་པས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་སྣོན་རྒྱུ་ཡིན་ཟེར།
བྱ་འགུལ་སྤེལ་བའི་རིང་ལ་ཀྲུང་གོ་འགྲེམས་སྟོན་སྡེ་ཚོགས་ཀྱིས་ཡུལ་དངོས་སུ་ཕྲེང་འབྲེལ་འགྲེམས་སྟོན་ཚོགས་འདུ་སྐབས་གསུམ་པ་འོས་སྦྱོར་བྱས་པ་རེད། ཏིས་པའེ་རུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་པ་ཨོའུ་པོ་ཆན་གྱིས་བཤད་རྒྱུར། གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཡིན་པའི་ངོས་ནས། ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་འགྲེམས་ཚོགས་དེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕྲེང་འབྲེལ་བརྟན་འཇགས་དང་རྒྱལ་སྤྱིའི་ཚོང་དོན་འཕར་བར་སྐུལ་འདེད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་ཉིན་རེ་བཞིན་འགྱུར་བཞིན་ཡོད་པས། རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཚད་གཞི་གསར་པ་བཏོན་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།