ཚེས28ཉིན་གྱི་ཐོ་རེངས་དུས་སུ་ནེ་པ་ལའི་དབུས་རྒྱུད་ཞིན་ཏུའུ་ཕ་ཨར་ཆའོ་ཁི་རྫོང་དུ་ཚད་རིམ5.5ཡི་ས་ཡོམ་བྱུང་བ་ལས་མིག་སྔར་མི1ལ་རྨས་ཕོག་ཡོད་ཅིང་ཁང་པར་གནོད་སྐྱོན་ཐེབས་ཡོད་པར་མ་ཟད། རྒྱལ་ས་ཀ་ཏ་མན་རྡུ་ལའང་ཡོམ་ཚོར་བྱུང་ཡོད།
ཞིན་ཏུའུ་ཕ་ཨར་ཆའོ་ཁི་རྫོང་གི་རྫོང་དཔོན་གྱི་ལས་རོགས་པ་ཅ་ནེ་ཧྲི·ཉི་ཕ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་ཡོམ་དེ་ས་གནས་དེའི་དུས་ཚོད་ཚེས28ཉིན་གྱི་དུས་ཚོད2དང་སྐར་མ51སྟེང་དུ་བྱུང་བ་རེད། ས་ཡོམ་གྱི་དབང་གིས་རི་ཉིལ་བ་དང་མིག་སྔར་ས་ཡོམ་གྱིས་གྱོང་གུན་ཆེན་པོ་བཟོས་པའི་སྙན་ཞུ་འབྱོར་མེད་ཟེར།
ཉི་ཕ་ལེ་ཡིས་བཤད་རྒྱུར། ས་ཡོམ་དེས་གྲོང་མི་རྣམས་ལ་འཇིགས་སྣང་བཟོས་པས་མི་རྣམས་ཁོད་ཡངས་པའི་ས་ཁུལ་དུ་འདུ་འཛོམས་བྱས་ནས་ས་ཡོམ་གྱི་གནོད་འཚེ་ལ་གཡོལ་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།