ཟླ2པའི་ཚེས28ཉིན་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས། འདུམ་སྒྲིག་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དེ་དུས་རིམ་གཉིས་པར་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་མཇུག་བསྒྲིལ་བ་དང་མཉམ་དུ་ཧ་མ་སིས་གྲོས་མཐུན་གྱི་དུས་རིམ་དང་དོན་ཚན་ཚང་མ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་གཞོལ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད་ཟེར།
གསལ་བསྒྲགས་ལས་འདུམ་སྒྲིག་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་གྲོས་མཐུན་ལག་བསྟར་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ། མྱུར་དུ་གྲོས་མཐུན་དེ་དུས་རིམ་གཉིས་པར་ཞུགས་སུ་འཇུག་རྒྱུའི་འབོད་སྐུལ་བཏང་ཡོད།
ཚེས27ཉིན་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གྲོས་མོལ་འཐུས་མི་ཚོགས་པ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་མངགས་ནས་ཧ་མ་སི་དང་རྗེས་མཐུད་དམག་འཁྲུག་མཚམས་འཇོག་པའི་བཀོད་སྒྲིག་ཐད་གྲོས་མོལ་བྱས་ཡོད་ཅེས་བཤད།
ཚེས28ཉིན་ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་མི་ཚོགས་པས་ཁེ་རོ་རུ་གྲོས་མོལ་བྱེད་སྐབས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་ཉིན42ཀྱིས་ཇེ་རིང་དུ་གཏོང་བ་དང་། དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་མི་སྣ་མུ་མཐུད་དུ་གློད་བཀྲོལ་བཏང་སྟེ། དབྱི་སི་རལ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་བཙོན་མ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅ་ཧྲ་ས་ཁུལ་དུ་སྐྱེལ་བའི་གྲོས་གཞི་བཏོན་མོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་ཀྱི་བཙོན་མ་གློད་བཀྲོལ་གཏོང་བའི་མི་གྲངས་གླེང་མེད། མི་སྣ་དེས་ད་དུང་གྲོས་མོལ་དེ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པ་དང་འབྲེལ་བ་མེད་ཅེས་བཤད་པ་རེད།
ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་ཟླ3པའི་ཚེས1ཉིན་མཇུག་བསྒྲིལ་བ་རེད། དུས་རིམ་གཉིས་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ནང་ཕྱོགས་གཉིས་ཀྱིས་བཀག་ཉར་བྱས་པའི་མི་སྣ་མུ་མཐུད་དུ་བརྗེ་རེས་བྱེད་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་ནས་ཡོངས་སུ་ཕྱིར་འཐེན་བྱེད་པ་སོགས་ཀྱི་དོན་དག་ལ་གྲོས་བསྡུར་བྱེད་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།