ཟླ2པའི་ཚེས28ཉིན།ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཙུང་ཐུང་གཞོན་པ་ཝན་སི།ཕོ་བྲང་དཀར་པོར་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་བཅས་ཀྱི་བར་སྨྱན་བྱད་ཀྱི་མདུན་དུ་རྩོད་གླེང་དྲག་པོ་བྱུང་ནས་ཙེ་ལན་སི་ཅི་སྔོན་ལ་ཕོ་བྲང་དཀར་པོ་དང་ཁ་བྲལ། དོན་དེར་གཞིགས་ནས་ཨ་རིའི་ཏང་གཉིས་ཀྱི་མི་སྣས་ཡང་བསྐྱར་རྣམ་འགྱུར་མི་འདྲ་བ་བསྟན།དམངས་གཙོ་ཏང་གིས་སྐྱོན་བརྗོད་དྲག་པོ་བྱས་པ་དང་སྤྱི་མཐུན་ཏང་གིས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱེད་བཞིན་ཡོད་པ་རེད།
གྲོས་ཁང་འོག་མའི་ཏང་ཉུང་ཤས་ཀྱི་གཙོ་འཛིན་དང་དམངས་གཙོ་ཏང་གི་ཅེ་ཧྥུའུ་ལིས་སི་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་ཐི་ལིང་ཕུའུ་དང་ཁོའི་སྲིད་གཞུང་གིས་མུ་མཐུད་དུ“འཛམ་གླིང་གི་གར་སྟེགས་ཆེན་པོའི་སྟེང་ཨ་རིར་ངོ་ཚ་ཉོ་རུ་འཇུག་བཞིན་ཡོད།”ཉིན་དེར་ཕོ་བྲང་དཀར་པོར་བསྡུས་པའི་ཚོགས་འདུའི་དེས“མི་རྣམས་ལ་ཁོང་ཁྲོ་ལངས་སུ་བཅུག་སོང”ཞེས་བཤད་འདུག
ཅ་ལི་ཧྥུའུ་ལི་ཡ་མངའ་སྡེ་ཏང་གི་ཁོངས་གཏོགས་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་ཡ་ཏང·ཞི་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་བརྒྱུད་ནས་ཐི་ལིང་ཕུའུ་ཡིས་ཨ་རིའི“མནའ་གྲོགས་སྲུང་སྐྱོབ་བྱེད་པའི”སྲོལ་རྒྱུན་ལ་རྒྱབ་འགལ་བྱེད་བཞིན་ཡོད་པར་མ་ཟད། ཁོས་འགན་འཁྲི་སྒྲུབ་མི་ཤེས་ཞེས་བཤད། ཞི་ཕུའུ་ཡིས་ད་དུང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་མི་སྣ་གཙོ་བོ་མང་པོ་བསྡུ་རུབ་བྱས་ནས་ཝུའུ་ཁི་ལན་གྱི་རྣམ་འགྱུར་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད།རྩོམ་ཡིག་གི་ནང་དུ“དམངས་གཙོ་ཏང་དང་ཝུའུ་ཁི་ལན་མཉམ་དུ་ལངས་ཡོད”ཅེས་འཁོད་ཡོད།
མ་ལི་ལན་མངའ་སྡེའི་དམངས་གཙོ་ཏང་གི་གྲོས་མི་ཁེ་ལི་སི·ཧྥན·ཧོ་ལུན་གྱིས་དེ་རིང་ཕོ་བྲང་དཀར་པོའི་སྒོར་དབྱིབས་གཞུང་ལས་ཁང་ནས་མཐོང་བའི་སྣང་ཚུལ་དེ་ནི“ངོ་ཚ་ཧ་ཅང་ཆེན་པོ་ཞིག” ཡིན་པ་དང་། “རྫུན་གཏམ་དང་ཆ་འཕྲིན་རྫུན་མ་ཞིག་འཁྲབ་སྟོན་བྱས་པ”ཞིག་ཡིན་པར་མ་ཟད།“ཨ་རིར་མཚོན་ནས་བཤད་ན་ངོ་ཚ་ཞིག་ཡིན་ལ་ང་ཚོའི་མནའ་གྲོགས་ལ་རྒྱབ་འགལ་བྱས་པ་ཞིག་ཀྱང་རེད”ཟེར།
དམངས་གཙོ་ཏང་གི་གྲོས་མི་མའེ་ཁི·ཁུའེ་ཀེ་ལི་ཡིས་བཤད་རྒྱུར།གཟའ་འཁོར་འགའི་སྔོན་དང་བསྡུར་ན།ཨ་རི་ནི་སྔོན་ཆད་དང་གཏན་ནས་མི་འདྲ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་ཡོད་པ་དང་།མནའ་གྲོགས་ཀྱི་ངོས་ནས་བརྗོད་ན“ངོ་མི་ཤེས་པ་ཞིག་ཏུ”འགྱུར་བཞིན་འདུག“འཛམ་གླིང་གི་འཁྲུག་ཆེན་གཉིས་པའི་རྗེས་སུ་བཙུགས་པའི་འཛམ་གླིང་གི་སྒྲིག་ལམ་མེད་པར་གྱུར་འདུག”ཅེས་བཤད།
དམངས་གཙོ་ཏང་གི་གྲོས་མིས་སེམས་ཁྲལ་ཆེན་པོ་བྱེད་པ་དང་མཉམ་དུ་རྒོལ་གཏམ་དྲག་པོ་གཏོང་སྐབས།སྤྱི་མཐུན་ཏང་གི་གྲོས་མིས་གཅིག་རྗེས་གཉིས་མཐུད་དུ་བསྟོད་བསྔགས་བྱེད་ཀྱི་ཡོད་པ་རེད།
ཐེན་ན་ཞིས་མངའ་སྡེའི་སྤྱི་མཐུན་ཏང་གི་གྲོས་མི་ཏའེ་ཨན་ནཱ·ཧ་ཧྲི་པ་ཅེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་སྦྱར་ཡིག་སྤེལ་ནས།“ཙུང་ཐུང་ཐི་ལིང་ཕུའུ་དང་ཙུང་ཐུང་གཞོན་པ་ཝན་སི་ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་ཡར་ལངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བྲིས་འདུག
ནན་ཁ་ལའོ་ལའེ་ན་མངའ་སྡེའི་སྤྱི་མཐུན་ཏང་གི་གྲོས་མི་ལིན་སའེ་·ཀེ་ལེ་ཨེ་མུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་སྨྱན་བྱད་བརྒྱུད་དེ།“གལ་སྲིད་མི་ཞིག་གིས་ང་ལ་ཁྱོད་རང་ཐི་ལིང་ཕུའུ་ཡི་བྱ་བ་དེར་ངོ་གནོང་ངམ་ཞེས་དྲིས་ཚེ།ངས་ད་ལྟའི་ཙུང་ཐུང་འདི་ཉིད་རང་གི་སྤོབས་པ་དང་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་ལ།ཝན་སི་རྒྱལ་ཁབ་ཀྱི་ཆེད་དུ་ཡར་ལངས་པར་ངས་ང་རྒྱལ་ཆེན་པོ་བྱེད་བཞིན་ཡོད”ཆེས་ལན་འདེབས་རྒྱུ་ཡིན།ཁོས་ད་དུང་ཙེ་ལན་སི་ཅི་ཡིས་ཐུག་འཕྲད་ཐག་གཅོད་བྱེད་སྟངས་དང་ཨ་རིའི་ཙུང་ཐུང་དང་ཁ་གཏད་བྱེད་སྟངས“དངོས་གནས་ཐལ་དྲགས་འདུག”“ཨ་རི་ཕྱོགས་ཀྱིས་ཙེ་ལན་སི་ཅི་ལ་ཡང་བསྐྱར་འབྲེལ་གཏུག་བྱེད་མིན་མི་ཤེས”ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།