ཟླ3པའི་ཚེས1ཉིན།ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བརྡ་ཁྱབ་སྤེལ་ནས་ཝུའུ་ཁི་ལན་གྱིས་ཟླ2པའི་ཚེས28གྱི་ཉིན་མཚན་མོར་མི་མེད་གནམ་གྲུ་བཀོལ་ཏེ་ཨུ་རུ་སུའི་མངའ་ཁོངས་ཀྱི“ཐུར་ཁེའི་ཞིའི”རང་བྱུང་སོལ་རླངས་སྦུག་ལམ་ལ་སོལ་རླངས་མཁོ་འདོན་བྱེད་པའི་གནོན་འཁུམ་ས་ཚིགས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱསཟེར།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སུས་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་པ་བཀག་འགོག་བྱ་ཆེད།ཝུའུ་ཁི་ལན་གྱིས་ཡང་བསྐྱར་གཏན་འཇགས་གཤོག་པའི་མི་མེད་གནམ་གྲུ3བཀོལ་ཏེ་ཨུ་རུ་སུའི་ལྷོ་རྒྱུད་ཁེ་ལ་སི་ནོ་ཏ་ཨར་ས་ཁོངས་ཀྱི་རང་བྱུང་སོལ་རླངས་གནོན་འཁུམ་ས་ཚིགས་ཤིག་གི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་།གནོན་འཁུམ་ས་ཚིགས་དེས“ཐུར་ཁེའི་ཞིའི”རང་བྱུང་སོལ་རླངས་སྦུག་ལམ་ལ་སོལ་རླངས་མཁོ་འདོན་བྱེད་བཞིན་ཡོད་པ་རེད། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེ་ཡིས་གནོན་འཁུམ་ས་ཚིགས་ཀྱི་བདེ་འཇགས་བར་ཐག་གི་ཕྱི་རོལ་དུ་ཨུ་རུ་སུའི་མི་མེད་གནམ་གྲུ་ཞིག་སར་འཕངས།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ལྟར་ན།ཟླ1པོའི་ཚེས11ཉིན།ཝུའུ་ཁི་ལནགྱི་མི་མེད་གནམ་གྲུ9ཡིས་ཁེ་ལ་སི་ནེ་ཏ་ཨར་ས་ཁོངས་ཀྱི་རང་བྱུང་སོལ་རླངས་གནོན་འཁུམ་ས་ཚིགས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་།ཟླ2ཚེས17ཉིན་ས་ཁོངས་དེའི་ཁེ་ལུའུ་ཕའོ་ཐེ་ཅིན་རྡོ་སྣུམ་ཆུ་འཐེན་ས་ཚིགས་ལའང་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ7གྱིས་འཇབ་རྒོལ་ཐེབས་ཟེར།
ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་འབྲེལ་ཡོད་གྲོས་མཐུན་གྱི་དུས་ཡུན་ལོང་པ་དང་མཉམ་དུ།ཨུ་རུ་སུས་ཝུའུ་ཁི་ལན་བརྒྱུད་ནས་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱེད་བཞིན་པའི་རང་བྱུང་སོལ་རླངས་དེ2025ལོའི་ཟླ1པོའི་ཚེས1ཉིན་མཁོ་སྤྲོད་བྱེད་མཚམས་བཞག་ཡོད་པ་རེད། 2022ལོར་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་ཛ་དྲག་ཏུ་ཕྱིན་རྗེས།ཨུ་རུ་སུས་ཡོ་རོབ་གླིང་ལ་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་པའི་ལམ་ཐིག་མང་པོ་ཆད་པ་དང་།ཐུར་ཁེའི་རྒྱལ་མཚམས་བརྒལ་བའི“ཐུར་ཁེའི་ཞིའི”སྦུག་ལམ་ནི་མིག་སྔར་ཨུ་རུ་སུས་ཡོ་རོབ་གླིང་ལ་སོལ་རླངས་མཁོ་སྤྲོད་བྱེད་པའི་ལམ་ཐིག་གྲས་ཀྱི་གཅིག་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།