ཁུའུ་ཨར་ཏེ་བཟོ་པའི་ཏང་གིས་མཚོན་ཆ་བསྐྱུར་ནས་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2025.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་སྨྱན་བྱད་ཀྱིས་ཟླ3པའི་ཚེས1ཉིན་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་དེར་ཁུའུ་ཨར་ཏེ་བཟོ་པའི་ཏང་གིས་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད།བཙོན་འཇུག་བྱས་པའི་ཁོ་ཚོའི་མགོ་ཁྲིད་པ་ཨ་པུའུ་ཏུའུ་ལ·ཨེ་ཅ་ལན་གྱི་འབོད་སྐུལ་དང་ལེན་བྱས་ནས་མཚོན་ཆ་བསྐྱུར་ནས་རང་སོ་སོར་འགྲོ་རྒྱུ་ཡིན་ཟེར།

ཁུའུ་ཨར་ཏེ་བཟོ་པའི་ཏང་གིས་ཉིན་དེ་ནས་བཟུང་སྟེ།དྲག་ཆས་ཚང་མར་ཕར་རྒོལ་མི་ཐེབས་པའི་གནས་ཚུལ་འོག་དམག་འཁྲུག་མཚམས་འཇོག་རྒྱུ་དང་།ཨེ་ཅ་ལན་གྱི་མགོ་ཁྲིད་འོག་མཚོན་ཆ་བསྐྱུར་ནས་རང་སར་འཐོར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཁུའུ་ཨར་ཏེ་བཟོ་པའི་ཏང་གིས་ད་དུང་ཐུར་ཁེའི་སྲིད་གཞུང་ལ་ཨེ་ཅ་ལན་གློད་བཀྲོལ་བཏང་ནས་ཁོ་ལ་རྒྱུན་ལྡན་གྱི་འཚོ་བ་རོལ་དུ་འཇུག་དགོས་པ་དང་།ཁུའུ་ཨར་ཏེ་བཟོ་པའི་ཏང་གིས་ཨེ་ཅ་ལན་གྱི་མགོ་ཁྲིད་འོག་ད་གཟོད་དོན་དག་འདི་དག་ཚང་མ་མངོན་འགྱུར་བྱེད་ཐུབ་པའི་རེ་བ་བཏོན་ཡོད།

ཟླ2པའི་ཚེས27ཉིན།ཨེ་ཅ་ལན་གྱིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར།ཁུའུ་ཨར་ཏེ་བཟོ་པའི་ཏང་གི་དྲག་ཆས་མི་སྣ་ཚང་མས་ངེས་པར་དུ་མཚོན་ཆ་བསྐྱུར་དགོས་པ་དང་ཁུའུ་ཨར་ཏེ་བཟོ་པའི་ཏང་ངེས་པར་དུ་རང་འགུལ་ངང་མེད་པར་བཟོ་དགོས། ཨེ་ཅ་ལན་གྱིས་ད་དུང་དེའི་ཐད་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་རྒྱུ་ཡིན་ཞེས་བཤད་ཡོད།

ཨེ་ཅ་ལན་ནི1999ལོར་ཐུར་ཁེའི་སྲིད་གཞུང་གིས་འཛིན་བཟུང་བྱས་ནས་དབྱི་སི་ཐན་པུར་ཉེ་འགྲམ་གྱི་དབྱི་མུའུ་ལ་ལེ་གླིང་ཕྲན་དུ་བཙོན་འཇུག་བྱས་པ་རེད། 2012ལོའི་ཟླ10པར་ཐུར་ཁེའི་སྲིད་གཞུང་གིས་ཨེ་ཅ་ལན་དང་འབྲེལ་གཏུག་བྱས་ནས་ཐུར་ཁེ་ཡི་ཁུའུ་ཨར་ཏེའི་གནད་དོན་ཐག་གཅོད་བྱེད་པའི“ཞི་བདེའི་འཕེལ་རིམའི”གྲོས་མོལ་བྱེད་མགོ་བརྩམས།

ཁུའུ་ཨར་ཏེ་བཟོ་པའི་ཏང་ནི1979ལོར་བཙུགས་པ་དང་།དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རགདབྱི་ལིང་།སི་རི་ཡ་བཅས་ཀྱི་འབྲེལ་མཚམས་ཀྱི་ཁུའུ་ཨར་ཏེ་ཡི་མི་འདུས་སྡོད་བྱེད་པའི་ས་ཁུལ་དུ་རང་བཙན་རྒྱལ་ཁབ་འཛུགས་རྒྱུ་འཚོལ་ཞིབ་བྱས་པས་ཐུར་ཁེ་ཡིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།