ཀུའུ་ཐི་ལོས་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རོགས་སྐྱོར་བྱ་བ་མྱུར་དུ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས2ཉིན་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བ་མྱུར་དུ་སླར་གསོ་བྱས་ཏེ། ཅཱ་ཧྲ་ས་ཁུལ་ཡང་བསྐྱར་དགྲར་འཛིན་གྱི་རྣམ་པར་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་ནུས་པ་གང་ཡོད་བཏོན་ནས་ཅཱ་ཧྲ་ཡང་བསྐྱར་དགྲར་འཛིན་གྱི་རྣམ་པར་འགྱུར་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བ་མྱུར་དུ་སླར་གསོ་བྱས་ནས་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཚེས1ཉིན་ད་རུང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་ཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་མཇུག་སྒྲིལ་བའི་ཉིན་མོར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། འདས་པའི་གཟའ་འཁོར་དྲུག་གི་ནང་ཕཱ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་མིར་ཉམས་ཞན་དང་གལ་འགངས་ཆེ་བའི་ལྷོད་ཡངས་ཀྱི་གོ་སྐབས་ཤིག་འདོན་སྤྲོད་བྱས་ཡོད། དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་མངོན་འགྱུར་བྱེད་པ་དེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་དང་མི་སེར་དཀྱུས་མར་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། དུས་རིམ་རྗེས་མའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དངོས་རྫས་གང་རུང་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། གོང་གི་ཆོད་དོན་དེ་བཏོན་པའི་རྒྱུ་རྐྱེན་ནི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་ཡོངས་འགྲུབ་བྱས་པར་མ་ཟད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་བཏོན་པའི་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།