རྒྱལ་ཁབ་མང་བོའི་མགོ་ཁྲིད་པའི་ལོན་ཏོན་མཐོ་རིམ་གྲོས་ཚོགས་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་གོ་རིམ་བཞིའི་བྱེད་ཐབས་ཁྱབ་བསྒྲགས་བྱས།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་ལྷག་དང་དེ་མིན་ཝུའུ་ཁི་ལན་དང་ཁཱ་ནཱ་ཏཱའི་མགོ་ཁྲིད་པས་ཚེས2ཉིན་དབྱིན་ཇིའི་ལོན་ཏོན་ནས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཡོ་རོབ་གླིང་གི་འགོག་སྲུང་གནད་དོན་ཐད་ནས་གྲོས་བསྡུར་བྱས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཉིན་དེར་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་གོ་རིམ་བཞིའི་བྱེད་ཐབས་ཁྱབ་བསྒྲགས་བྱས།

སི་ཐཱ་མའོ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཐོ་རིམ་གྲོས་ཚོགས་ཀྱི་གྲོས་བསྡུར་མཇུག་འབྲས་ལྟར། ཕྱོགས་སོ་སོས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་གོ་རིམ་བཞིའི་བྱེད་ཐབས་ལ་གཅིག་གྱུར་འཐད་པ་བྱུང་ཡོད་དེ། མུ་མཐུད་དུ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་ཨུ་རུ་སིར་དཔལ་འབྱོར་གནོན་ཤུགས་སྟེར་དགོས་པ་དང་། ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ན་ངེས་པར་དུ་ཝུའུ་ཁི་ལན་གྱི་བདག་དབང་དང་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ལ། ཝུའུ་ཁི་ལན་ངེས་པར་དུ་དེའི་ནང་ཞུགས་དགོས་པ། ཞི་བདེའི་གྲོས་མཐུན་བཀོད་རྗེས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་འགོག་སྲུང་ནུས་པར་ཤུགས་སྣོན་བྱས་ཏེ། མ་འོངས་པར་འབྱུང་སྲིད་པའི་བདེ་འཇགས་འཇིགས་ཉེན་གང་རུང་ལ་བཀག་འགོག་བྱེད་དགོས་པ། ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པ་དང་ཞི་བདེ་ལ་ཁག་ཐེག་བྱེད་པའི་མནའ་མཐུན་ཞིག་འཛུགས་པར་འབད་འབུངས་བྱེད་དགོས་པ་བཅས་རེད།

སི་ཐཱ་མའོ་ཡིས་ད་རུང་ཁྱབ་བསྒྲགས་བྱས་དོན། དབྱིན་ཇི་ཡིས་ཝུའུ་ཁི་ལན་གྱིས་དབྱིན་ཇིའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་གི་དབྱིན་ཇིའི་ཕྱིར་གཏོང་དངུལ་གསོག་བཀོལ་ནས་མཁའ་སྲུང་འཕུར་མདའ་སྟོང་ལྔ་ཙམ་ཉོ་བར་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། འཕུར་མདའ་དེ་དག་དབྱིན་ཇི་ནས་བཟོ་རྒྱུ་ཡིན། དབྱིན་ཇི་ཡིས་རྒྱལ་ཁབ་གཞན་པ་དང་མཉམ་དུ་ས་ངོས་དམག་དཔུང་དང་བར་སྣང་སྟོབས་ཤུགས་འདོན་སྤྲོད་བྱས་ཏེ་ཞི་བདེའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཉིན་དེར་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྗེས་སིང་ཏི་ལིན་ཨིག་མུའུ་ཕོ་བྲང་དུ་སོང་ནས་དབྱིན་ཇིའི་རྒྱལ་བོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་གྲོས་མོལ་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།