ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་ལྔས་མཉམ་དུ་འཕྲིན་ཡིག་བྲིས་ཏེ་ཐི་ལིང་ཕུའུ་ཡི་ཧོལ་རྒྱུག་བྱ་སྤྱོད་ལ་སྐྱོན་བརྗོད་བྱས།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་གི་དྲ་ཚིགས་སོགས་ཕྱི་རྒྱལ་གྱི་སྨྱན་བྱད་དག་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་ལྔ་ཡིས་ཉེ་སྔོན་མཉམ་དུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཧོལ་རྒྱུག་བྱ་སྤྱོད་སྤེལ་ནས་ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་པུའུ་ལིང་དང་མཐོ་རིམ་དམག་དཔོན་གཞན་པའི་ལས་འགན་བླངས་པར་སྐྱོན་བརྗོད་བྱས་པར་མ་ཟད། རྒྱལ་ཚོགས་ཀྱིས་ཁོ་ཚོའི་ཚབ་འགན་ཁུར་མཁན་ཁས་ལེན་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཁ་ཚིག་དྲག་པོ་སྤྱད་པའི་འཕྲིན་ཡིག་དེའི་ནང་། སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་ལྔ་ཡིས་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་དེ་ཏང་ཁག་ཆབ་སྲིད་ཀྱི་ཡོ་བྱེད་ལ་འགྱུར་དུ་འཇུག་རྩིས་བྱས་པ་དང་། སྐམ་མཚོ་མཁའ་གསུམ་དམག་དཔུང་གི་མཐོ་རིམ་ཁྲིམས་རྩོད་པ་རྩིས་མེད་དུ་གཏོང་བའི་བྱེད་ཐབས་བེད་སྤྱད་དེ་ཙུང་ཐུང་གི་དབང་ཆའི་བཅའ་ཁྲིམས་ཚད་བཀག་མེད་པར་བཏང་བར་སྐྱོན་འཛུགས་བྱས།

འཕྲིན་ཡིག་དེ་ནི་དམངས་གཙོ་ཏང་སྲིད་གཞུང་དུ་འགན་ཁུར་བའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་བཞི་དང་དེ་མིན་མཱ་ཏིས་སི་བཅས་ཀྱིས་མཉམ་དུ་བྲིས་པ་རེད། མཱ་ཏིས་སི་ནི་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་ནས་ལས་བུད་པའི་དམག་དཔོན་ཞིག་ཡིན་པ་དང་། 2017ལོ་ནས2019ལོའི་བར་ཐི་ལིང་ཕུའུ་ཡི་ཙུང་ཐུང་གི་འགན་ཡུན་ཐོག་མའི་ནང་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་མྱོང་། ཁོ་ཚོས་འཕྲིན་ཡིག་ནང་བྲིས་དོན། ཙུང་ཐུང་ཐི་ལིང་ཕུའུ་ཡི་བྱ་སྤྱོད་དེས་ང་ཚོའི་དམག་དཔུང་ལ་གཏོར་བརླག་བཏང་བ་དང་། ང་ཚོའི་རྒྱལ་ཁབ་བདེ་འཇགས་ཉམས་ཞན་དུ་བཏང་ཡོད་ཟེར།

མཱ་ཏིས་སི་ལས་གཞན་པའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་བཞི་ནི་སོ་སོར་ཕའེ་ལི་དང་ཕཱ་ནེ་ཐཱ། ཧཱ་ཀི་ཨར། ཨོ་སི་ཏེན་བཅས་རེད། ཁོ་ཚོས་སོ་སོར་ཁི་ལིན་ཏོན་དང་ཨོ་པཱ་མཱ། པེད་ཏིན་བཅས་ཀྱི་དམངས་གཙོ་ཏང་སྲིད་གཞུང་ཁྲོད་ལས་འགན་ཁུར་མྱོང་།

བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་གཟའ་འཁོར་སྔོན་མར་པུའུ་ལིང་སོགས་མཐོ་རིམ་དམག་དཔོན་གྱི་ལས་འགན་བླངས་པ་ཁྱབ་བསྒྲགས་བྱས་ཀྱང་། རྒྱུ་རྐྱེན་ཅི་ཞིག་གིས་སྔར་སྲོལ་མེད་པའི་གནས་ཚུལ་དེ་འདྲ་བྱུང་བར་དག་འབུད་གསལ་བོ་བྱས་མེད། ལས་འགན་བླངས་པའི་མིའི་གྲས་སུ་ད་རུང་ཨ་མེ་རི་ཁའི་མཚོ་དམག་གི་དམག་དཔོན་ནམ་ཨ་མེ་རི་ཁའི་མཚོ་དམག་གི་འཐབ་འཁྲུག་པུའུ་ཀྲང་ཧྥོ་ལན་ཁའེ་ཏིས་ཀྱང་ཡོད། ཁོ་མོ་ནི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་བུད་མེད་ཁོངས་མི་ཐོག་མ་རེད།

ཁོ་ཚོས་ད་རུང་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་ཉན་ཞིབ་ཚོགས་འདུ་བསྡུས་ནས། ཐི་ལིང་ཕུའུ་ཡིས་ལས་འགན་བླངས་པའི་བྱེད་ཐབས་དེའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་ཚོས་འཕྲིན་ཡིག་ནང་བྲིས་དོན། ང་ཚོས་འཕྲིན་ཡིག་བྲིས་ནས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་སྐུ་ཞབས་ཐི་ལིང་ཕུའུ་ཡི་ཧོལ་རྒྱུག་བྱ་སྤྱོད་དེ་དག་ལ་འགན་འཁྲི་བརྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད་རྩ་ཁྲིམས་ཀྱིས་བསྩལ་བའི་ལྟ་རྟོག་འགན་འཁྲི་ལག་བསྟར་གང་ལེགས་བྱེད་དགོས་པར་བཤད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།