ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མུ་མཐུད་དུ་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས2ཉིན་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་པའི་བརྙན་རིས་སྤེལ་བ་དང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མུ་མཐུད་དུ་བྱེད་པར་རེ་བཞིན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བར་རེ་བཞིན་པ་གསལ་བོར་བསྟན་ཡང་། ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་འཐབ་འཁྲུག་དེ་མུ་མཐུད་དུ་བྱེད་པར་རེ་བཞིན་ཡོད། རྒྱལ་ཁབ་དེ་དག་གིས་ཞི་བདེ་ལ་བཀག་འགོག་བྱེད་བཞིན་ཡོད་ལ། དབྱིན་ཇི་ཡིས་ད་རུང་ད་ལོར་ཝུའུ་ཁི་ལན་ལ་མཚོན་ཆ་མང་བོ་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར།

ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་ཝུའུ་ཁི་ལན་ལ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པའི་འདོད་བློའི་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིར་མཚོན་ན་ཡོ་རོབ་གླིང་གི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཝུའུ་ཁི་ལན་ནས་བྱུང་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་དེའི་འབྱུང་ཁུངས་ཤུལ་མེད་དུ་འགྱུར་མི་སྲིད་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དུས་གཏན་དུ་རྒྱལ་སྤྱིའི་གནད་དོན་ཚང་མའི་ཐད་གཅིག་གྱུར་གྱི་ལྟ་ཚུལ་འཛིན་མི་སྲིད་ལ། ཨ་མེ་རི་ཁས་ཀྱང་དོན་དེ་ཁས་ལེན་བྱས་ཡོད། ཡིན་ཡང་ཕྱོགས་གཉིས་ཀྱིས་ཕྱོགས་གཅིག་ནས་ཐུན་མོང་ཁེ་ཕན་ཡོད་པའི་སྐབས་སུ་དངོས་གཉེར་བྱེད་ཐབས་མི་སྤྱོད་པ་དང་གཉིས་ཕན་གྱི་གྲུབ་འབྲས་འཚོལ་ཞིབ་མི་བྱེད་པ་ནི་བླུན་རྨོངས་ཀྱི་བྱ་སྤྱོད་ཅིག་ཡིན། ཕྱོགས་གཞན་ཞིག་ནས་གཅིག་མཐུན་མིན་པའི་སྐབས་སུ། འགན་ཁུར་བའི་རྒྱལ་ཁབ་ཆེན་མོས་གཅིག་མཐུན་མིན་པ་དེ་ལས་འཐབ་འཁྲུག་སོགས་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཕ་རོལ་བར་བཀའ་འབེབས་པ་མ་ཡིན་པར། གཟབ་ནན་གྱི་རྒྱལ་ཁབ་གཉིས་བག་ཕེབས་ངང་མཉམ་དུ་བསྡད་དེ་བྱུང་བའི་གནད་དོན་གང་རུང་ལ་གྲོས་བསྡུར་བྱེད་པ་ཡིན་ཟེར། ཁོས་བཤད་རྒྱུར། འགན་ཁུར་བའི་རྒྱལ་ཁབ་གང་རུང་བར་གྱི་འབྲེལ་བས་བྱེད་ཐབས་དེ་འདྲ་སྤྱོད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།