དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་དབྱིན་ཇི་དང་ཧྥ་རན་སི། ཝུའུ་ཁི་ལན་བཅས་ཀྱིས་མཉམ་ལས་བྱས་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་འཆར་གཞི་གཏན་འབེབས་བྱས་ནས་ཨ་མེ་རི་ཁ་དང་མཉམ་དུ་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས2ཉིན་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱིན་ཇི་དང་ཧྥ་རན་སི། དེ་མིན་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་དག་གིས་ཝུའུ་ཁི་ལན་བར་མཉམ་ལས་བྱས་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་འཆར་གཞི་གཏན་འབེབས་བྱས་རྗེས། ཨ་མེ་རི་ཁ་དང་མཉམ་དུ་འཆར་གཞི་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

སི་ཐཱ་མའོ་ཡིས་བཤད་རྒྱུར། ཟླ2པའི་ཚེས28ཉིན་གྱི་དགོང་མོར་ཁོ་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་བཅས་ཀྱིས་སོ་སོར་ཁ་པར་གྲོས་མོལ་བྱས་པ་དང་། ཟླ3པའི་ཚེས1ཉིན་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས། ཚེས1ཉིན་གྱི་དགོང་མོར་ཡང་བསྐྱར་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་ཟེར། སི་ཐཱ་མའོ་ཡིས་བལྟས་ན། ཡོ་རོབ་གླིང་ཧ་ཅང་ཉམས་ཞན་དང་ཛ་དྲག་ཆེ་བའི་དུས་སྐབས་སུ་གནས་ཡོད་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་ཡོ་རོབ་གླིང་གི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་དགོས་པར་འདོད།

སི་ཐཱ་མའོ་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་དེ་དབྱིན་ཇི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་འབྲེལ་བ་ཡོད་ཅིང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱིན་ཇི་ཡིས་འཚོ་བའི་མ་རྩའི་ཉམས་ཉེན་དང་ནུས་ཁུངས་ཉམས་ཉེན་སོགས་འགྲན་རྩོད་ཐེག་པར་བྱས་ཡོད་པ་དང་། ཧུར་ཐག་སྒོས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་ཡོ་རོབ་གླིང་གི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པ་དེ་དབྱིན་ཇིའི་ཁེ་ཕན་དང་འཚམ་པར་མ་ཟད། ཡོ་རོབ་གླིང་དང་ཝུའུ་ཁི་ལན་གྱི་ཁེ་ཕན་དང་ཡང་འཚམ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།