དབྱི་ལིང་གི་ཙུང་ཐུང་གཞོན་པས་བསྐོ་འཇོག་གི་ཁྲིམས་མཐུན་རང་བཞིན་གྱི་གནད་དོན་དབང་གིས་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད།
2025.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་འཐབ་ཇུས་ལས་དོན་གྱི་འགན་ཁུར་བའི་ཙུང་ཐུང་གཞོན་པ་ཀྲ་ལི་ཧྥུའུ་ཡིས་ཚེས2ཉིན་གྱི་དགོང་མོར་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཀྱང་། ཕའེ་ཙེ་ཞེ་ཆི་དབྱང་གིས་དོན་དེའི་ཐད་ནས་ལན་ཅི་ཡང་བཏབ་མེད་ཟེར།

དབྱི་ལིང་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཀྲ་ལི་ཧྥུའུ་ཡིས་ཉིན་དེར་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ་ལས་ཁུར་དགོངས་ཞུ་བྱས་པ་བདེན་དཔང་བྱས།

ཁོས་བསྟན་དོན། འདས་པའི་ཟླ་ངོ་དྲུག་གི་ནང་། ཁོ་བརྙས་དམོད་དང་འཇིགས་སྐུལ་གྱི་དཀའ་སྡུག་ལ་འཕྲད་ཡོད་ཀྱང་། སྔར་བཞིན་རྒྱལ་དོན་ལ་འབད་འབུངས་བྱེད་པ་རྒྱུན་འཁྱོངས་བྱས་པ་ཡིན་ཟེར།

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་ཁྲིམས་འཛིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་ཨེ་ཅེ་དབྱེ་ཡིས་ཚེས2ཉིན་ང་རང་ཡང་བསྐྱར་སློབ་ཆེན་དུ་ལོག་ནས་སློབ་ཁྲིད་བྱས་ཏེ་སྲིད་གཞུང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་རྒྱུའི་གྲོས་གཞི་བཏོན། ཁོས་མྱུར་མོར་གྲོས་གཞི་དེ་དང་ལེན་བྱེད་པ་ཡིན་ཟེར།

དབྱི་ལིང་གི་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་ཚེས2ཉིན་གྱི་དགོང་མོར་འབྲེལ་ཡོད་གནས་ཚུལ་ཤེས་མཁན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་ལིང་གི་ལས་རིགས་གཙོ་བོའི་བཅའ་ཁྲིམས་གཞིར་བཟུང་ན། ཀྲ་ལི་ཧྥུའུ་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས་པ་དེ་ཁྲིམས་འགལ་ཡིན་པ་རེད། རྒྱུ་མཚན་ནི་ཁོའི་བྱིས་པ་གཉིས་ལ་དབྱི་ལིང་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཐོབ་ཐང་ལག་ཁྱེར་ཡོད་པས་རེད། སྐབས་འདིའི་སྲིད་གཞུང་གིས་ལས་འགན་ཁུར་བའི་ཚུན་ལ། གྲོས་མི་རེ་འགས་ནམ་རྒྱུན་ཀྲ་ལི་ཧྥུའུ་ཁྲིམས་འགལ་གྱིས་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས་པའི་གནད་དོན་གླེང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།