ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་མཐུན་ཚོགས་ཀྱི་བརྗེ་རེས་ཚོགས་འདུའམ་སྐབས་གསུམ་པའི་མུ་འབྲེལ་འགྲེམ་སྟོན་མཚམས་སྦྱོར་ཚོགས་འདུ་ཚེས3ཉིན་འཇར་པན་གྱི་ཏུང་ཅིན་ནས་འཚོགས། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་རིན་ཧོང་པེན་གྱིས་ཞུ་ཚིག་འབུལ་སྐབས་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་བརྗེ་རེས་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། གཙོ་བོ་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྔར་ལས་མང་བའི་འཇར་པན་གྱི་ཁེ་ལས་དང་ལས་ཁུངས་དག་གིས་སྐབས་གསུམ་པའི་མུ་འབྲེལ་འགྲེམ་སྟོན་མཚམས་སྦྱོར་ཚོགས་འདུར་ལྟ་སྐོར་བྱེད་པར་དགའ་བསུ་ཞུས་པ་དང་། འཇར་པན་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་གདན་དྲངས་ནས་ཏཱ་པན་འཛམ་གླིང་འགྲེམ་སྟོན་ཚོགས་ཚོགས་འདུའི་ཀྲུང་གོའི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱེད་དུ་བཅུག
འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཕེན་ཡེ་ཞིན་ཧང་དང་ཏའོ་ཚོན་ཀྲུའུ་ཙེ་སོགས་གྲོས་ཚོགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ་བ་དང་། འཇར་པན་གྱི་མིང་གྲགས་ཁེ་ལས་མང་བོའི་འགན་ཁུར་བས་ཡུལ་དངོས་ནས་གཏམ་བཤད་སྤེལ།
འཇར་པན་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་བསྟན་དོན། ན་ནིང་འཇར་པན་གྱི་དཔལ་འབྱོར་ལས་རིགས་ཀྱིས་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་བདེན་དཔང་བྱས། འཇར་པན་གྱི་ཁེ་ལས་དག་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་གཞི་གྲངས་དཔལ་འབྱོར། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ནས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བོ་སྔོག་འདོན་བྱས་ནས། མུ་འབྲེལ་འགྲེམ་སྟོན་ཚོགས་འདུའི་ནང་ཞུགས་ནས་ཐོན་ལས་ཀྱི་མུ་འབྲེལ་མཁོ་འདོན་གྱི་རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།