ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས2ཉིན་གྱི་དགོང་མོར་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གཏེར་ཁའི་གྲོས་མཐུན་འགོད་མ་ཐུབ་ཀྱང་། སྔར་བཞིན་གྲོས་མཐུན་དེ་འགོད་འདོད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། གཟའ་འཁོར་སྔོན་མར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་པར་འགལ་བ་མི་ཉུང་བ་ཡོད་ཀྱང་། ཁོས་སྔར་བཞིན་ཨ་མེ་རི་ཁའི་བར་འཛུགས་སྐྲུན་རང་ཞིན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་ཟེར། ཁོས་བསྟན་དོན། གལ་ཏེ་གདན་ཞུ་འབྱོར་ན། ཁོ་ཡང་བསྐྱར་ཕོ་བྲང་དཀར་པོར་སོང་ནས་གྲོས་མོལ་ཞིབ་ཏུ་བྱེད་འདོ་ཡོད་ཟེར།
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་སི་ཁི་ཐི་པེ་སིན་ཐི་ཡིས་ཚེས2ཉིན་ཨ་མེ་རི་ཁའི་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མཐུན་བཀོད་མེད་པའི་གནས་ཚུལ་འོག དཔལ་འབྱོར་གྱི་གྲོས་མཐུན་འགོད་མི་སྲིད་ཟེར། ཁོས་ཙེ་ལིན་སི་ཅི་ཡིས་གཏེར་ཁའི་གྲོས་མཐུན་དང་ཞི་བདེའི་གྲོས་མཐུན་གྱི་སྐུལ་འདེད་རིམ་པ་གཏོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།