དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་སྐོར་གྱི་བཤད་ཚུལ་དེ་དོན་དངོས་མིན་པའི་ཚུལ་བསྟན།
2025.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས3ཉིན་ཏི་ཧེ་ལན་ནས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དེའི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་སྐོར་གྱི་བཤད་ཚུལ་དེ་དོན་དངོས་མིན་ཟེར།

དེའི་སྔོན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གིས་ན་ནིང་ཟླ12པའི་ཚུན་ལ། ཉིང་རྡུལ་ནུས་པའི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་སྟེ། ཉིང་རྡུལ་མཚོན་ཆའི་རྒྱུ་ཆ་སྔར་ལས་མང་བི་གསོག་འཇོག་བྱས་ཡོད་ཟེར། ཀི་ལོ་ཞི་ཡིས་ཀྱང་དེ་མཚུངས་ཀྱི་དཔྱད་བརྗོད་སྤེལ་ཡོད་པ་རེད།

པཱ་ཅཱ་ཨེ་ཡིས་བཤད་རྒྱུར། གཏམ་བཤད་དེ་རིགས་ལ་དངོས་ཡོད་ཀྱི་གཞི་འཛིན་ས་ཅི་ཡང་མེད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཐེངས་མང་བོར་ཕྱོགས་ཡོངས་འགན་སྲུང་ལྟ་རྟོག་གྲོས་ཆོད་དང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་བཅས་ཀྱི་སྒྲོམ་གཞིའི་ནང་སྤེལ་བཞིན་ཡོད་པ་བདེན་དཔང་བྱས་མྱོང་ཟེར།

པཱ་ཅཱ་ཨེ་ཡིས་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པས་རང་གི་དབང་ཤུགས་དང་འགན་འཁྲིའི་ཁྱབ་ཁོངས་ནང་ལས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཆབ་སྲིད་ཚོད་དཔག་གིས་སྤེལ་བའི་དཔྱད་བརྗོད་དེ་སྤྱི་ཁྱབ་ལས་འཛིན་པའི་འགན་དབང་ཁྱབ་ཁོངས་སུ་མི་གཏོགས་པ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་ཐོགས་ཅི་ཡང་མེད། དབྱི་ལིང་གིས་ལས་ཁུངས་དེས་མ་འོངས་པའི་གཟའ་འཁོར་འགའ་དང་ཟླ་ངོ་འགའི་ནང་གི་ཆོད་དོན་དུ་རློམ་ཡོད་པར་མ་ཟད། དེ་རྨང་གཞིར་བྱས་ནས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།