ཨ་ཧྥེ་རི་ཁ་ལྷོ་མས་དབྱི་སི་རལ་གྱིས་མི་ཆོས་རོགས་སྐྱོར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་མཚམས་འཇོག་ཏུ་བཅུག་པར་རྒོལ་གཏམ་བཏང་།
2025.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཡིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་མཚམས་འཇོག་དུ་བཅུག་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་དག་གིས་དཀའ་སྡུག་ཆེན་པོ་མྱོང་བཞིན་པ་དང་། ཟས་རིགས་དང་སྡོད་གནས། སྨན་བཅོས་མཁོ་དངོས་སོགས་དགོས་གལ་ཆེ་བའི་སྐབས་སུ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱས་ནས་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱས་པ་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས། རི་ནེ་ཝ་ཡི་སྤྱི་ཆིངས་བཅས་ལ་རྒྱབ་འགལ་དུ་གྱུར་ཡོད་པ་མངོན་གསལ་རེད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་འགན་འཁྲི་རྩད་གཅོད་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་དང་རྒྱུན་མཐུད་དང་བཀག་རྒྱ་མེད་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ད་རུང་ཚེས་བཞི་ཉིན་ཨ་རབ་རྒྱལ་ཁབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་ནས་ཅཱ་ཧྲའི་བསྐྱར་འཛུགས་འཆར་གཞིར་གྲོས་འཆམ་བྱུང་བ་དང་། སྒེར་ཚུགས་ཀྱི་ཨུ་ཡོན་ལྷན་ཁང་བཙུགས་ནས་ཅཱ་ཧྲ་ས་ཁུལ་ལ་གནས་སྐབས་སུ་དོ་དམ་བྱེད་པར་འཐད་པ་བྱུང་བར་དགའ་བསུ་ཞུས།

གསལ་སྒྲོག་ལས་ད་རུང་དབྱི་སི་རལ་གྱིས་བསྟུད་མར་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། དེ་ལས་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་སྲིད་ལ། སྔར་ལས་ལྷག་པའི་སྒོ་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་དོན་ཐག་གཅོད་དང་རྒྱལ་འཛུགས་འཚོལ་ཞིབ་བྱེད་པའི་བྱ་བར་འཇིགས་ཉེན་བཟོས་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།