ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་འབྱོར་ནས་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བརར་གྲོས་བསྡུར་བྱས།
2025.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་རྒྱལ་ཁབ་གསར་འགྱུར་ཅུའུ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཉིན་དེར་ཁེ་རོ་རུ་འབྱོར་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་སྐུལ་འདེད་གཏོང་བའི་དུས་རིམ་གཉིས་པའི་གྲོས་མོལ་ནང་ཞུགས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཀྱིས་ཧཱ་མཱ་སིའི་མགོ་ཁྲིད་པ་དང་ཨ་མེ་རི་ཁའི་མགོ་ཁྲིད་པ། ཁཱ་ཐར་གྱི་མགོ་ཁྲིད་པ་སོགས་ཀྱི་བར་གཅིག་བསྡུས་གྲོས་མོལ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་བཞིན་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། ཨེ་ཅིབ་ཀྱིས་བཏོན་པའི་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞི་ལ་གྲོས་བསྡུར་བྱས།

ཨེ་ཅིབ་ཀྱིས་གཙོ་སྒྲུབ་བྱས་པའི་ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་དེས་ཚེས4ཉིན་ཨེ་ཅིབ་ཀྱིས་བཏོན་པའི་ཅཱ་ཧྲའི་བསྐྱར་འཛུགས་འཆར་གཞི་ལ་གྲོས་མཐུན་བཀོད་པ་དང་། སྒེར་ཚུགས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་ལ་གནས་སྐབས་དོ་དམ་བྱེད་པར་འཐད་པ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།