ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ལ་འཕྲིན་ཡིག་བསྐུར་ཏེ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་སྐུལ་མ་བཏང་།
2025.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་བཏང་བའི་བཅར་འདྲིའི་ལེ་ཚན་ཞིག་གི་ནང་བཤད་རྒྱུར། ཁོས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ལ་འཕྲིན་ཡིག་བསྐུར་ཏེ། དབྱི་ལིང་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་གསར་སྤེལ་བྱེད་པའི་འཆར་གཞི་བསྐྱུར་བའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཧྥུའུ་ཁི་སི་གསར་འགྱུར་ཁང་ཚོང་ལས་འཕྲིན་ལམ་ནས་ཚེས6ཉིན་བརྙན་ཕབ་བྱས་པའི་ཆེད་དོན་ལེ་ཚན་ནང་བཤད་རྒྱུར། འཕྲིན་ཡིག་དེ་ཁ་སང་བསྐུར་ཡོད་པ་དང་། ཁོས་དབྱི་ལིང་གིས་གྲོས་མོལ་བྱེད་པར་རེ་བཞིན་ཡོད། གལ་ཏེ་ང་ཚོས་དམག་དོན་འགུལ་སྐྱོད་མི་སྤེལ་ཐབས་མེད་བྱུང་ན་དེ་ནི་འཇིགས་སུ་རུང་བའི་དོན་དག་ཅིག་ཡིན་ཟེར།

ཁོས་ད་རུང་བཤད་རྒྱུར། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་མི་རུང་བ་དང་། ཁོས་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་འགོད་འདོད་ཡོད་པར་མ་ཟད་ད་ལྟ་དུས་ལ་བབས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གྲོས་མོལ་དེའི་ནང་དོན་ཆ་ཚང་ཚེས9ཉིན་གཏོང་རྒྱུ་རེད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྨྱན་བྱད་ཀྱིས་ཐི་ལིང་ཕུའུ་ཡི་གོང་གི་གཏམ་བཤད་དེ་བསྒྲགས་ཀྱང་། ཧཱ་མཱེ་ནེ་དབྱེའི་གཞུང་སྒྲུབ་ཁང་གིས་འཕྲིན་ཡིག་གང་རུང་འབྱོར་བ་ཁས་ལེན་མ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།