སི་རི་ཡཱའི་བར་བརྒལ་ཙུང་ཐུང་གིས་སྲིད་དབང་སྔོན་མའི་ལྷག་འཕྲོའི་སྟོབས་ཤུགས་ཀྱིས་མཚོན་ཆ་བསྐྱུར་དགོས་པའི་སྐུལ་མ་བཏང་།
2025.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་ཡིས་ཚེས7ཉིན་སི་རི་ཡཱའི་ནུབ་ཕྱོགས་ས་ཁུལ་གྱི་འཇབ་རྒོལ་དང་འཁྲུག་རྩོད་ཚབས་ཆེན་ཐད་ནས་བརྙན་རིས་གཏམ་བཤད་སྤེལ་ཏེ། སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་ཀྱིས་མཚོན་ཆ་བསྐྱུར་དགོས་པའི་སྐུལ་མ་བཏང་བ་དང་། ཞོར་དུ་སི་རི་ཡཱའི་བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས་པའི་རེ་བ་བཏོན།

ཧྲ་ལཱ་ཡིས་བཤད་རྒྱུར། སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་རེ་འགས་སི་རི་ཡཱ་གསར་བར་ཉམས་སད་བྱེད་རྩིས་ཡོད་པ་དང་། ཁོ་ཚོས་སི་རི་ཡཱ་ལ་སྲུང་སྐྱོབ་དང་ཞབས་ཞུ་བྱེད་པའི་མི་ལ་གནོད་སྐྱེལ་བ་དང་སྨན་ཁང་སོགས་སུ་འཇབ་རྒོལ་བྱས་ཏེ། ཀུ་ཡངས་གཏོང་ཐབས་མེད་པའི་ནག་ཉེས་བསགས་ཡོད་ཟེར། ཧྲ་ལཱ་ཡིས་ཁོ་ཚོས་མཚོན་ཆ་བསྐྱུར་ནས་རང་སྐྱོན་ངོས་ལེན་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མུ་མཐུད་དུ་སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་རྗེས་འདེད་འཛིན་བཟུང་བྱེད་རྒྱུ་ཚུལ་བསྟན། ཧྲ་ལ་ཡིས་ད་རུང་སི་རི་ཡཱའི་བདེ་འཇགས་དང་དམག་དོན་མི་སྣས་འགུལ་སྐྱོད་སྤེལ་སྐབས་མི་སེར་དཀྱུས་མའི་སྲུང་སྐྱོབ་ལ་མཉམ་འཇོག་དགོས་པའི་རེ་བ་བཏོན།

སི་རི་ཡཱའི་གནས་སྐབས་སྲིད་གཞུང་ནང་སྲིད་པུའུ་ཡི་བདེ་འཇགས་མི་སྣར་ཚེས6ཉིན་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་ནས་སྔོན་ཆད་ཀྱི་སྲིད་དབང་ལ་བློ་དཀར་བའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། སི་རི་ཡཱའི་གནས་སྐབས་སྲིད་གཞུང་གི་དྲག་ཆས་དམག་མི་མང་བོ་དེའི་རྗེས་སུ་ཐཱ་ཨར་ཐུའུ་སི་ཞིང་ཆེན་དང་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དུ་ཡོང་ནས་ནང་སྲིད་པུའུ་ཡི་བདེ་འཇགས་མི་སྣར་རོགས་འདེགས་བྱས་ཏེ། ཞིང་ཆེན་གཉིས་ཀྱི་མཁར་གྲོང་མང་བོ་ནས་གཞི་རྒྱ་ཆེ་བའི་བདེ་འཇགས་འགུལ་སྐྱོད་སྤེལ། མིག་སྔར་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་གྱི་ཅེ་པུའུ་ལའེ་གྲོང་ཁྱེར་དང་ཁཱ་ཨར་ཏཱ་ཧཱ་གྲོང་རྡལ་སོགས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

སི་རི་ཡཱའི་རྒྱལ་སྲུང་པུའུ་དང་ནང་སྲིད་པུའུ་ཡིས་འཁྲུག་རྩོད་དེ་ལས་བཟོས་པའི་བྱེ་བྲག་གི་ཤི་རྨས་ཁ་གྲངས་ཁྱབ་བསྒྲགས་བྱས་མེད། སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཚེས7ཉིན་བཤད་རྒྱུར། ཐེངས་འདིའི་སི་རི་ཡཱའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་ནས་བྱུང་བའི་འཇབ་རྒོལ་དང་འཁྲུག་རྩོད་དོན་རྐྱེན་ལས་མི་སེར་དཀྱུས་མ162རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།