ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས7ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་གྲོགས་པོའི་བར་རོགས་ལས་ཟབ་མོ་བྱས་ཏེ་མྱུར་མོར་གནས་བབ་ཞི་འཇགས་སུ་གཏོང་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། སི་རི་ཡཱའི་བདེ་འཇགས་དམག་དཔུང་དང་ས་དེའི་དྲག་ཆས་ཚོགས་ཁག་གིས་སི་རི་ཡཱའི་ནུབ་ཕྱོགས་ཀྱི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་ཐཱ་ཨར་ཐུའུ་སི་ཞིང་ཆེན་ནས་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས། ཨུ་རུ་སིའི་ཕྱོགས་ཀྱིས་ས་དེའི་གནས་བབ་ལ་ཤུགས་རྐྱེན་ཐེབས་པའི་སི་རི་ཡཱའི་མགོ་ཁྲིད་པ་ཚང་མས་ནུས་ཤུགས་གང་ཡོད་བཏོན་ནས་ཁྲག་བཞུར་འཁྲུག་རྩོད་ལ་མྱུར་དུ་བཀག་འགོག་བྱེད་པ་དང་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། སི་རི་ཡཱའི་མིག་སྔའི་བར་བརྒལ་དུས་སྐབས་ཀྱི་དཀའ་ཁག་ཆེ་བའི་ཆ་རྐྱེན་འོག མི་རིགས་འཆམ་མཐུན་ལ་སྲུང་སྐྱོབ་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱེད་པ་བཅས་གལ་འགངས་ཧ་ཅང་ཆེ་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ཀྱི་རྩ་དོན་ལངས་ཕྱོགས་བསྐྱར་སྒྲོག་བྱེད་བཞིན་ཡོད་ལ། སི་རི་ཡཱའི་གནས་བབ་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཚང་མས་སི་རི་ཡཱའི་གནས་བབ་རྒྱུན་ལྡན་ཅན་དུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།