དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱི་ཡིས་ཚེས8ཉིན་བསྟན་དོན། རྒྱལ་ཁབ་རེ་འགའ་ཡིས་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱས་པ་ནི་གནད་དོན་ཐག་གཅོད་བྱེད་པའི་ཆེད་མིན་པར་གྲོས་མོལ་ལ་བརྟེན་ནས་རང་གི་འདོད་བློ་དེ་གཞན་པའི་མགོར་བཙན་འཇོག་བྱེད་ཆེད་ཁོ་ན་ཡིན་པས། དབྱི་ལིང་གིས་དེ་གཏན་ནས་དང་ལེན་བྱེད་མི་སྲིད་ཟེར།
ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་གཏམ་བཤད་སྤེལ་ཏེ། གྲོས་མོལ་ནི་ཁོ་ཚོས་བཏོན་པའི་རེ་བ་གསར་བའི་ཐབས་ལམ་ཡིན་ཞིང་། ཉིང་རྡུལ་ནུས་པའི་གནད་དོན་ཁོ་ན་ཙམ་མ་ཡིན་པར། རྒྱལ་སྲུང་དང་རྒྱལ་སྤྱིའི་ལས་དོན་ཐད་དུ་ཚད་བཀག་དང་རེ་བ་མང་བོ་ཡོད་པས། དབྱི་ལིང་གིས་རེ་བ་དེ་དག་བསྐང་བར་ཁས་ལེན་བྱེད་མི་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་དེ་དག་གིས་གྲོས་མོལ་རྒྱུན་འཁྱོངས་བྱེད་པ་ནི་གླེང་ཕྱོགས་གནོན་ཤུགས་བཟོ་ཆེད་དང་། དབྱི་ལིང་གིས་གྲོས་མོལ་བྱེད་འདོད་མེད་པའི་སྣང་བརྙན་མངོན་པའི་ཆེད་དུ་ཡིན་ཡང་། གཞི་རྩའི་དམིགས་ཡུལ་ནི་གྲོས་མོལ་བྱེད་རྒྱུ་མ་ཡིན་པར་རོགས་འདེགས་དང་བཙན་ཤེད་བྱེད་རྒྱུ་དེ་རེད་ཟེར།
ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་གཏན་འཁེལ་ནང་དོན་ལག་བསྟར་བྱས་མེད་པར་སྐྱོན་འཛུགས་བྱེད་པར་དམིགས་ནས། ཧཱ་མཱེ་ནེ་དབྱེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་ཉིན་དང་པོ་ནས་བཟུང་དམ་བཅའ་ལག་བསྟར་བྱས་མེད་ཀྱང་། དབྱི་ལིང་གྲོས་མཐུན་དང་འགལ་བར་སྐྱོན་འཛུགས་བྱེད་བཞིན་ཡོད། དེ་ནི་ཁོ་ཚོའི་བླུན་རྨོངས་དང་ཚད་མེད་པའི་ང་རྒྱལ་གྱི་རྣམ་འགྱུར་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།