དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱིས་ཚེས7ཉིན་སོ་ཏི་ཨ་རབ་ཀྱི་ལཱ་པའོ་ཅི་ཏཱ་ནས་དམིགས་བསལ་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས་ཏེ། སི་རི་ཡཱའི་རྩ་འཛུགས་དེའི་ཁྲོད་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་བསྟན་དོན། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་ཡིག་ལས་གཏན་འཁེལ་བྱས་པའི་ཕྱི་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ལྟར། སི་རི་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་དངོས་སུ་སླར་གསོ་བྱེད་རྒྱུ་ཐག་བཅད། ཆོད་དོན་དེ་ལས་སི་རི་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་དེ2012ལོར་མཚམས་འཇོག་ཏུ་བཅུག་རྗེས་དངོས་སུ་ཡང་བསྐྱར་དབྱི་སི་ལན་མཉམ་ལས་རྩ་འཛུགས་ནང་ཕྱིར་ལོག་པ་རེད།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་བསྟན་དོན། སི་རི་ཡཱ་ཡང་བསྐྱར་དབྱི་སི་ལན་མཉམ་ལས་རྩ་འཛུགས་ནང་ཞུགས་པར་དགའ་བསུ་ཞུས་པར་མ་ཟད། སི་རི་ཡཱ་ཡིས་སྤུན་ཟླའི་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་རྩ་འཛུགས་དེའི་བྱ་བའི་ནང་ཞུགས་ཏེ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་སི་རི་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་དེ་ལོ་བཅུ་གསུམ་ཙམ་ལ་མཚམས་བཞག་རྗེས་སླར་གསོ་བྱས་པར་དགའ་བསུ་ཞུས་པ་དང་། དེ་ནི་སི་རི་ཡཱ་ཡང་བསྐྱར་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུགས་པའི་གོམ་རིམ་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས།
སི་རི་ཡཱ་ཡིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས་པ་དང་། སི་རི་ཡཱ་རྒྱལ་ཁབ་དང་མི་དམངས་ཀྱི་རྒྱལ་སྤྱིའི་གོ་གནས་སླར་གསོ་ཐུབ་པའི་མ་འོངས་པ་ཞིག་འཛུགས་སྐྲུན་བྱེད་པར་རེ་བཞིན་ཡོད་པར་མ་ཟད། སྔར་ལས་སྟོབས་ལྡན་དང་སྔར་ལས་མཐུན་སྒྲིལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅིག་འཛུགས་པར་བྱས་རྗེས་འཇོག་དགོས་ཟེར།
དེ་ལས་གཞན་ཐེངས་འདིའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་ད་རུང་གྲོས་ཆོད་བཀོད་དེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱུན་མཐུད་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཚུལ་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།