དབྱི་རག་གིས་སི་རི་ཡཱའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་མིག་སྔའི་བདེ་འཇགས་གནས་བབ་ཀྱི་འགྱུར་ལྡོག་དང་དེས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་བཟོས་པའི་ཤུགས་རྐྱེན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པར་མ་ཟད། སི་རི་ཡཱའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དབྱི་རག་གིས་ནམ་རྒྱུན་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་འདོད་བློ་བཟུང་ཡོད་ཅིང་། ཉེས་མེད་མི་སེར་དེ་དཔུང་འཇུག་བྱེད་སའི་དམིགས་འབེན་དུ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། སི་རི་ཡཱའི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་ཚོད་འཛིན་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་དང་། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་མུ་མཐུད་དུ་དྲག་ཤུགས་སྤེལ་ན་ས་ཁུལ་གྱི་གནས་བབ་གཏན་འཇགས་མིན་པའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་བཏང་སྟེ། ཞི་བདེ་དང་བདེ་འཇགས་སླར་གསོ་བྱེད་པའི་བྱ་བར་བར་ཆད་འབྱུང་སྲིད་པའི་ཉེན་བརྡ་བཏང་།

དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ་སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་དགོས་པར་མ་ཟད། ཆབ་སྲིད་ཐག་གཅོད་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས་སི་རི་ཡཱའི་གཅིག་གྱུར་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།