སི་རི་ཡཱ་ཡིས་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་དེ་རྒྱལ་ཁབ་ལས་ཁུངས་ནང་ལེགས་སྒྲིག་བྱེད་པར་གྲོས་མཐུན་འགོད་རྒྱུ་རེད།
2025.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། སི་རི་ཡཱའི་བར་བརྒལ་སྲིད་གཞུང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱི་མགོ་ཁྲིད་པས་ཉིན་དེར་གྲོས་མཐུན་བཀོད་དེ་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་དེ་རྒྱལ་ཁབ་ལས་ཁུངས་ནང་ལེགས་སྒྲིག་བྱེད་པར་ཡིད་འཐད་བྱུང་ཟེར།

སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་ཡིས་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱི་མགོ་ཁྲིད་པ་ཨ་པུའུ་ཏིས་དང་མཉམ་དུ་གྲོས་ཚོགས་བསྡུས་པར་མ་ཟད། གོང་གི་གྲོས་མཐུན་དེ་བཀོད་པ་རེད། སི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གྲོས་མཐུན་ནང་དོན་ལྟར་ན། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་དབུས་ཤར་ས་ཁུལ་གྱི་དམངས་དོན་དང་དམག་དོན་ལས་ཁུངས་ཚང་མ་སི་རི་ཡཱའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་སྒྲོམ་གཞིའི་ནང་ལེགས་སྒྲིག་བྱེད་པར་འཐད་བྱུང་།

ཕྱོགས་གཉིས་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ནས་ཡུལ་འཁྱམས་བྱེད་པའི་སི་རི་ཡཱའི་མི་ཚང་མ་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་སི་རི་ཡཱའི་རྒྱལ་ཁབ་བདེ་འཇགས་དང་གཅིག་གྱུར་ལ་འཇིགས་ཉེན་བཟོ་བའི་སྟོབས་ཤུགས་གང་རུང་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པར་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་སི་རི་ཡཱ་ཁ་བྲལ་དུ་གཏོང་བའི་འབོད་སྐུལ་དང་། འཁོན་འཛིན་གཏམ་བཤད། དེ་མིན་སི་རི་ཡཱའི་སྤྱི་ཚོགས་གྲུབ་ཆ་སོ་སོའི་བར་གྱི་འགྲིག་མཐུན་མི་ཡོང་བའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད།

འབྲེལ་ཡོད་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་བྱ་བར་འབད་བརྩོན་བྱས་ཏེ། ཆེས་འགོར་ཡང་ད་ལོའི་ལོ་མཇུག་གི་སྔོན་ལ་གྲོས་མཐུན་དེ་དངོས་འབེབས་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།