ཀུའུ་ཐི་ལོས་སི་ཡིས་ཝུའུ་ཁི་ལན་གྱིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པར་དགའ་བསུ་ཞུས།
2025.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས12ཉིན་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་བཏོན་པའི་དུས་ཡུན་ཉིན་སུམ་ཅུའི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པར་དགའ་བསུ་ཞུས་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་ནི་དངོས་གནས་དོན་དག་གལ་ཆེན་ཞིག་ཡིན་པ་དང་། ང་ཚོས་དེ་མངོན་འགྱུར་བྱས་ཏེ་དྲང་བདེན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རྨང་གཞི་འདིང་ཐུབ་པར་རེ་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། དྲང་བདེན་གྱི་ཞི་བདེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་བཅས་ལ་བརྩི་འཇོག་བྱེད་པ་དེར་གོ་བ་ཡིན་ཟེར།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས11ཉིན་སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་ཅི་ཏཱ་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་དང་གསང་འཕྲིན་མཉམ་སྤྱོད་སླར་གསོ་བྱེད་པ། བདེ་འཇགས་རོགས་སྐྱོར་སླར་གསོ་བྱེད་པ་སོགས་ཀྱི་གྲོས་གཞིའི་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་། གྲོས་མོལ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་བཏོན་པའི་ཉིན་སུམ་ཅུའི་རིང་གི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་པའི་ཚུལ་བསྟན། འཁྲུག་རྩོད་མཚམས་འཇོག་པ་དེ་ཕྱོགས་གཉིས་ཡིད་འཐད་བྱུང་བའི་གནས་ཚུལ་འོག་ཡུན་ཇེ་རིང་དུ་བཏང་ཆོག་པར་མ་ཟད་ཨུ་རུ་སི་ཡིས་དེ་དང་ལེན་བྱས་ཏེ་ལག་བསྟར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།