ཚེས14ཉིན།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ནུབ་ཕྱོགས་ས་ཁུལ་དུ་ཉེ་སྔོན་བྱུང་བའི་གཞི་རྒྱ་ཆེ་བའི་དྲག་ཤུགས་འཁྲུག་རྩོད་ལ་རྒོལ་གཏམ་བཏང་བ་དང་། ཁྱད་པར་ཅི་ཡང་མེད་པར་སི་རི་ཡཱའི་མང་ཚོགས་ཚང་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་ཐཱ་ཨར་ཐུའུ་སི་ཞིང་ཆེན་དུ་ཟླ3པའི་ཚེས6ཉིན་གྱི་ཚུན་ལ་བྱུང་བའི་གཞི་རྒྱ་ཆེ་བའི་དྲག་ཤུགས་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། གཞི་རྒྱ་ཆེ་བའི་སྒོ་ནས་ཨ་ལཱ་ཝེ་ཕྱོགས་ཁག་གི་མང་ཚོགས་དམར་གསོད་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། ཁྱད་པར་ཅི་ཡང་མེད་པའི་སྒོ་ནས་སི་རི་ཡཱའི་མི་དམངས་ཚང་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་ཕྱོགས་སོ་སོས་མྱུར་མོར་དྲག་ཤུགས་དང་ངན་སྐུལ་བྱ་འགུལ་ཡོད་ཚད་མཚམས་བཞག་ནས། མི་སེར་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་བཅས་ལ་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཕྱོགས་སོ་སོས་མི་ཆོས་རོགས་སྐྱོར་གང་ལེགས་བྱེད་པ་དང་བདེ་འཇགས་དང་བཀག་རྒྱ་མེད་པའི་སྒོ་ནས་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ལ། དེའི་ཞོར་དུ་མྱུར་མོར་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་སི་རི་ཡཱ་ཡིས་བཟོད་སྒོམ་དང་མངོན་གསལ་གྱི་ཁྲིམས་འཛིན་ལ་བརྟེན་ནས་འགྲིག་མཐུན་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས་པ་དང་། དྲག་ཤུགས་དོན་རྐྱེན་ལ་མྱུར་མོར་མངོན་གསལ་དང་སྒེར་ཚུགས། དྲང་བདེན། ཕྱོགས་ཡོངས་བཅས་ནས་རྟོག་ཞིབ་བྱས་ཏེ། འགན་འཁྲི་རྩད་གཅོད་བྱས་ཐོག་དོན་རྐྱེན་བཟོ་མཁན་ཚང་མ་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།