ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཡིས་ཁོང་གོ་ཅིན་གྱི་འཁྲུག་རྩོད་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2025.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས15ཉིན།ཨན་ཁོ་ལཱའི་ཙུང་ཐུང་བཞུགས་ཤག་གིས་སྤྱི་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་དྲག་ཆས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཚེས16ཉིན་གྱི་ནམ་གུང་ནས་བཟུང་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ། ཁོང་གོ་ཅིན་གྱི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པM23འགུལ་སྐྱོད་བར་གྱི་ཞི་བའི་གྲོས་མོལ་ལ་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་མི་སེར་དཀྱུས་མར་གནོད་པའི་དགྲར་འཛིན་འགུལ་སྐྱོད་གང་རུང་མཇུག་སྒྲིལ་བར་བྱེད་པ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་གནས་གཙོ་བོ་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད།

ཨན་ཁོ་ལཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། ཁོང་གོ་ཅིན་གྱི་སྲིད་གཞུང་དངM23འགུལ་སྐྱོད་ཀྱིས་ཚེས18ཉིན་ཨན་ཁོ་ལཱའི་རྒྱལ་ས་ལོ་ཨན་ཏཱ་ནས་ཐད་ཀར་དུ་ཞི་བའི་གྲོས་མོལ་བྱེད་དགོས་ཟེར། M23འགུལ་སྐྱོད་ཀྱིས་ཨན་ཁོ་ལཱ་ཕྱོགས་ཀྱི་ཞི་བའི་གྲོས་མོལ་གྲོས་གཞིར་དེར་དགའ་བསུ་ཞུས་ཀྱང་། ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་ཐད་ཀར་དུ་གྲོས་མོལ་བྱེད་པར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།  མིག་སྔའི་བར་དུ་ཁོང་གོ་ཅིན་སྲིད་གཞུང་གིས་ཐད་ཀར་གྲོས་མོལ་བྱེད་པའི་གྲོས་གཞི་དེར་དངོས་གཞིའི་ལན་ཅི་ཡང་བྱིན་མེད།

ཉེ་སྔོན་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་། M23འགུལ་སྐྱོད་ཀྱིས་ཅི་ཝུའུ་བྱང་མ་ཞིང་ཆེན་དང་ཅི་ཝུའུ་ལྷོ་མ་ཞིང་ཆེན་སོགས་སུ་དཔུང་འཇུག་བྱ་འགུལ་སྤེལ་བ་དང་། འཁྲུག་རྩོད་དེ་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པ་དང་ཡུལ་འཁྱམས་བྱེད་དུ་བཅུག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།