ཚེས15ཉིན་གྱི་དགོང་མོར།ཧྥ་རན་སའི་ཙུང་ཐུང་མཱ་ཁི་ལུང་གིས་ཧྥ་རན་སིའི་སྨྱན་བྱད་ལ་སྤེལ་བའི་གཏམ་བཤད་ནང་བསྟན་དོན། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱུང་ན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པའི་འབྲེལ་ཡོད་བཀོད་སྒྲིག་ཐད་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་འདོད་ཡོད། དེའི་ནང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐད་ཀར་གྲོས་མོལ་བྱེད་པ་སོགས་འདུས་ཡོད་ཟེར།
མཱ་ཁི་ལུང་གིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། སོ་ཏི་ཨ་རབ་བཅས་ཀྱི་གྲོས་མོལ་ནས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པར་ཐུན་མོང་ལྟ་ཚུལ་བྱུང་བ་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ད་ལྟ་ཨུ་རུ་སིའི་ཕྱོགས་ལ་གནོན་ཤུགས་ཡོད། གལ་ཏེ་ཨུ་རུ་སི་ཞི་བའི་འཕེལ་རིམ་ནང་ཞུགས་པའི་ལྷག་བསམ་རྣམ་དག་མིན་པར་རློམ་ཚེ། ཚོད་དཔག་བྱས་ན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨུ་རུ་སིའི་བཀག་སྡོམ་དང་གནོན་ཤུགས་ཇེ་ཆེར་གཏོང་སྲིད་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཨ་ཧྥེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགའ་འདུས་པའི་རྒྱལ་ཁབ་མང་བོ་ཧྥ་རན་སི་དང་དབྱིན་ཇི་རྒྱལ་གཁབ་གཉིས་ཀྱིས་བཏོན་པའི་དང་བླངས་མཁན་མནའ་འབྲེལ་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན་པ་དང་། མ་འོངས་པར་འཁྲུག་རྩོད་མཚམས་བཞག་རྗེས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་ཟབ་ཞུགས་རྒྱལ་ཁབ་སོ་སོས་དམག་དོན་སྟོང་ཕྲག་འགའ་རེ་མངག་གཏོང་བྱེད་དགོས་ཡོད་ཟེར།
མཱ་ཁི་ལུང་གིས་ད་རུང་གྲོས་མོལ་བྱེད་སྐབས་ཨུ་རུ་སིའི་བཀག་ཉར་རྒྱུ་ནོར་གཞུང་བཞེས་བྱེད་པར་ངོ་རྒོལ་བྱས་པ་དང་། དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་འགལ་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།