ཚེས15ཉིན།དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ལོན་ཏོན་ནས་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་ཞི་བའི་གྲོས་མཐུན་འགོད་མ་ཐུབ་ན། ཡོ་རོབ་གླིང་རྒྱལ་ཁབ་དང་དེའི་ནུབ་ཕྱོགས་མནའ་མཐུན་གྱིས་ཝུའུ་ཁི་ལན་གྱི་དམག་དོན་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ཨུ་རུ་སིར་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར།
ཉིན་དེར་སི་ཐཱ་མའོ་ཡིས་མགོ་འཛིན་བྱས་འོག དབྱིན་ཇི་དང་ཧྥ་རན་སི། ཝུའུ་ཁི་ལན། ཁཱ་ནཱ་ཏཱ། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་། བྱང་ཆིངས་རྩ་འཛུགས་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་རྩ་འཛུགས་ཉི་ཤུ་ལྷག་གི་མགོ་ཁྲིད་པས་བརྙན་རིས་གྲོས་ཚོགས་བསྡུས།
དབྱིན་ཇི་ཕྱོགས་ཀྱིས་ཚོགས་ཞུགས་ཕྱོགས་ཁག་སོ་སོའི་ཚོགས་ཐོག་གི་གཏམ་བཤད་ཁྱབ་བསྒྲགས་བྱས་མེད། སི་ཐཱ་མའོ་ཡིས་གྲོས་མོལ་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་དངཨུ་རུ་སིའི་བར་ཞི་བའི་གྲོས་མཐུན་འགོད་མ་ཐུབ་ན། ཕྱོགས་སོ་སོས་མུ་མཐུད་དུ་ཝུའུ་ཁི་ལན་ལ་དམག་དོན་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ཝུའུ་ཁི་ལན་གྱི་འགོག་སྲུང་ནུས་པར་ཤུགས་སྣོན་བྱས་ཏེ། མ་འོངས་པར་འབྱུང་སྲིད་པའི་བདེ་འཇགས་འཇིགས་ཉེན་གང་རུང་ལ་བཀག་འགོག་བྱེད་དགོས། དེ་ལས་གཞན་ཕྱོགས་སོ་སོས་དམག་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་ཚེས20ཉིན་དབྱིན་ཇི་ནས་གྲོས་ཚོགས་བསྡུས་ནས། ཝུའུ་ཁི་ལན་གྱི་མ་འོངས་པར་དམག་དོན་འགུལ་སྐྱོད་ཇི་ལྟར་འདོན་སྤྲོད་བྱེད་པའི་ཐད་ལག་བསྟར་རུང་བའི་འཆར་གཞི་གཏན་འབེབས་བྱེད་དགོས་ཟེར།
ཁོས་ད་རུང་བཤད་རྒྱུར། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཞི་བའི་གྲོས་མཐུན་བཀོད་ན། ཕྱོགས་སོ་སོས་ཝུའུ་ཁི་ལན་དུ་མི་སྣ་མངག་གཏོང་བྱེད་པའི་གྲ་སྒྲིག་བྱས་ཡོད་ལ། ཝུའུ་ཁི་ལན་གྱིས་ས་ཁོངས་དང་མཚོ་ཁོངས། མཁའ་ཁོངས་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།