ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་ཙུང་ལི་ལོ་ལེ་ཡིས་ཚེས15ཉིན་བཤད་རྒྱུར། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ཡིས་མིག་སྔར་ཀྲུང་གོའི་བར་སྤེལ་བཞིན་པའི་མཉམ་ལས་ལ་ཡིད་ཚིམས་ཡོད་པ་དང་། མ་འོངས་པར་སྔར་ལས་མང་བའི་མཉམ་ལས་གོ་སྐབས་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ལོ་ལེ་ཡིས་ཉིན་དེར་ཏའོ་པཱ་ཀི་གླིང་ཕྲན་ལྷོ་ནུབ་ཕྱོགས་ཀྱི་མཁར་གྲོང་ཁི་ལིང་ཅོ་ནས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་སྡེ་ཚོགས་ཚད་ཡོད་ཀུང་ཟིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ལོ་པེན་ཞོན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་གསར་བའི་རྣམ་གྲངས་ལས་མགོ་རྩོམ་པའི་མཛད་སྒོའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ལོ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ནི་ཆེས་ཐོག་མར་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པའི་ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ཡིས་གྲོས་འགོ་དེའི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་ཡོད་པར་མ་ཟད་དེ་ལས་ཁེ་ཕན་ཡང་ཐོབ་ཡོད་ཟེར།
ལོ་ལེ་ཡིས་ཞུ་ཚིག་འབུལ་སྐབས་གནམ་གྲུ་ཐང་གི་ཐོག་ཁང་ཆེན་མོ་དེའི་སྒྲིག་ཆས་སྔོན་ཐོན་ཡིན་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། རྣམ་གྲངས་དེས་དངོས་སུ་ཚོང་གཉེར་བྱས་རྗེས། གནམ་གྲུ་ཐང་གི་འགྲུལ་བཞུད་ཀྱི་ཚད་མི་ཐེངས་ས་ཡ་གསུམ་ལྷག་ལ་བསླེབས་སྲིད་པ་དང་། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་མི་ཚང་མར་ཁེ་ཕན་ཐོབ་ཐུབ་ཟེར།
རྣམ་གྲངས་དེའི་ལས་བདག་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་རྒྱལ་ཁབ་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་ཀྲུའུ་ཞི་ཧི་པའོ་ཐི་ཆའོ་ཀྲི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། གནམ་གྲུ་ཐང་གི་ཐོག་ཁང་གསར་བ་དེ་ལས་གྲུབ་ན། དཔལ་འབྱོར་གྱི་འཕར་གནས་གསར་བ་གསར་བསྐྲུན་བྱེད་ཐུབ་པ་དང་། ས་དེ་རྒྱལ་སྤྱིའི་ཡུལ་སྐོར་གནས་མཆོག་ཏུ་འགྱུར་བར་རོགས་འདེགས་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།