མཱ་ལི་དང་པུ་ཁི་ནཱ་ཧྥ་སོ་ཡིས་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
2025.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཱ་ལིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་ཚེས18ཉིན་སྤྱི་སྒྲོག་སྤེལ་ཏེ། མཱ་ལི་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་རྒྱལ་སྤྱིའི་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་ཡོད་ཟེར། ཉིན་དེར་པུ་ཁི་ནཱ་ཧྥ་སོ་ཡི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པུ་ཁི་ནཱ་ཧྥ་སོ་ད་ལོའི་ཟླ2པའི་ཚེས28ཉིན་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་བུད་ཡོད་ཟེར།

དེའི་སྔོན་ཟླ3པའི་ཚེས17ཉིན་ནེ་ཀྲིར་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ནེ་ཀྲིར་སྲིད་གཞུང་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་ཡོད་ཟེར། ད་ལྟའི་བར་དུ་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གསུམ་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

མཱ་ལིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་སྤྱི་སྒྲོག་ནང་དུ་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ཀྱིས2020ལོའི་ཟླ8པའི་ཚེས18ཉིན་མཱ་ལིའི་སྲིད་འགྱུར་བྱུང་བའི་ཚུན་ལ། མཱ་ལི་ལ་གདམ་གསེས་རང་བཞིན་གྱི་བཀག་སྡོམ་བྱེད་ཐབས་སྤྱད་པ་དང་། མཱ་ལིའི་བདག་དབང་སྣང་མེད་དུ་བསྐྱུར་བར་སྐྱོན་འཛུགས་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ལི་རྒྱལ་ཁབ་མཱ་ལི་དང་མཉམ་དུ་བཅོས་སྐྱོང་བྱེད་པར་བརྩི་སྲུང་བྱེད་པའི་རྩ་ཁྲིམས་ཀྱི་རྩ་དོན་དང་མི་འཚམ་པའི་རྩ་འཛུགས་ཁྲོད་མུ་མཐུད་དུ་འདུག་ཐབས་མེད་ཟེར།

གཞན་ཡང་པུ་ཁི་ནཱ་ཧྥ་སོ་ཡི་འཕྲིན་གཏོང་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། པུ་ཁི་ནཱ་ཧྥ་སོ་དཔོན་ཕྱོགས་ཀྱིས་བལྟས་ན། ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་དེ་རིག་གནས་དང་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་དང་རིང་དུ་གྱེས་ནས། ཆབ་སྲིད་ཀྱིས་ཁ་ལོ་བྱེད་པའི་ཡོ་བྱད་དུ་གྱུར་ཡོད་ཟེར། པུ་ཁི་ནཱ་ཧྥ་སོ་ཡིས་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ཀྱིས་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྩ་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་བཞག་པར་སྐྱོན་བརྗོད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།