ཕཱ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2025.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱིས་ཚེས19ཉིན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་བཞག་སྟེ། ཅཱ་ཧྲ་ས་ཁུལ་གྱི་གནད་དོན་ཐད་ནས་དབྱི་སི་རལ་ཕྱོགས་ལ་གནོན་ཤུགས་སྟེར་དགོས་པའི་འབོད་སྐུལ་བཏང་།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་རིམ་པའི་དམིགས་བསལ་གྲོས་ཚོགས་ཉིན་དེར་ཨེ་ཅིབ་ཀྱི་ཁེ་རོ་ནས་བསྡུས། ཕཱ་ལེ་སི་ཐན་གྱི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་རྒྱུན་དུ་སྡོད་པའི་འཐུས་མི་ཨ་ཁི་ལུའུ་ཁི་ཡིས་ཚོགས་ཐོག་ནས་འབོད་སྐུལ་བཏང་བར་མ་ཟད་དབྱི་སི་རལ་ལ་དཔལ་འབྱོར་བཀག་སྡོམ་དང་ཆབ་སྲིད་ཐད་ནས་ཁེར་རྐྱང་དུ་ཕུད་པ། ཨ་རབ་རྒྱལ་ཁབ་ཀྱི་མཁའ་ཁོངས་སུ་དབྱི་སི་རལ་གྱི་གནམ་གྲུ་འཕུར་བ་གཏན་འགོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་སྐུལ་མ་བཏང་།

ཨ་ཁི་ལུའུ་ཁི་ཡིས་བཤད་རྒྱུར། ཉེ་བའི་ཟླ་ངོ17རིང་ལ། དབྱི་སི་རལ་གྱིས་རྒྱུན་པར་ཅཱ་ཧྲ་ས་ཁུལ་དུ་རིགས་རྒྱུད་ཚར་གཅོད་བྱ་སྤྱོད་སྤེལ་བ་དང་། ས་ཁུལ་དེའི་བདེ་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་དམིགས་པའི་འགྲིག་མཐུན་གྲོས་འདོན་ལག་བསྟར་བྱས་མེད་ཟེར། ཁོས་ད་རུང་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སར་གཏོར་བརླག་བཏང་སྟེ། ཕཱ་ལེ་སི་ཐན་གྱི་མི་ཁྲི་སྟོང་མང་བོ་ཡུལ་འཁྱམས་བྱེད་དུ་བཅུག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།