ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་ཡིས་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱིས་དམག་དོན་བྱ་སྤྱོད་སླར་གསོ་བྱེད་པར“མཐའ་གཅིག་ཏུ་རྒྱབ་སྐྱོར་”བྱེད་རྒྱུ་ཡིན་པར་བསྟན།
2025.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཁ་ལོ་ལིན·ལའེ་ཝེ་ཐི་ཡིས་ཙུང་ཐུང་ཐི་ལུང་ཕུའུ་ཡིས་གཟའ་འཁོར་འདིར་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སླར་གསོ་བྱ་རྒྱུར“མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་རེད”ཅེས་བཤད།

ལའེ་ཝེ་ཐི་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཐི་ལིང་ཕུའུ་ཡིས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་མེད་སྐོར་གྱི་དྲི་བར་དམིགས་ནས། ཁོ་མོས“ཙུང་ཐུང་གིས་ཧ་མ་སི་ལ་གལ་ཏེ་ཁོ་ཚོས་བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་འགྲོལ་མ་བཏང་ཚེ། དཀའ་སྡུག་ཆེ་བའི་རིན་དོད་ཡོད་ཚད་གཏོང་དགོས་པ་ཧ་ཅང་གསལ་བོར་བཤད་ཡོད”ཅེས་ལན་བཏབ།

ལའེ་ཝེ་ཐི་ཡིས་ད་དུང་ཐི་ལིང་ཕུའུ་ཡིས“དབྱི་སི་རལ་དང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་ཁོ་ཚོས་ཉེ་བའི་ཉིན་འགའི་ནང་སྤེལ་བའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་བཤད།

ཚེས18ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་ནས་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་རེད། ཚེས19ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་ཟིན་པའི་ཉིན་གཉིས་ཀྱི་རིང་ལ་དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་མཁའ་རྒོལ་བྱས་ནས་མི་400ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི600ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་དབྱི་སི་རལ་གྱིས་ཅ་ཧྲར་སླར་ཡང་དམག་འཁྲུག་བསླངས་པར་རྒོལ་གཏམ་བཏང་བ་དང་། ཅ་ཧྲའི་དམག་འཁྲུག་ཡུན་རིང་བོར་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།