ཚེས21ཉིན་ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་ཆེ་ཤོས་ཐུན་མོང་དམངས་གཙོ་ཏང་སོགས་ཏང་ཁག་ལྔ་ཡིས་རྒྱལ་ཚོགས་ལ་ཙུང་ཐུང་གི་ཚབ་འགན་ཁུར་མཁན་དང་། དཔལ་འབྱོར་ཙུང་ལིས་གཞོན་པའི་ཞོར་དུ་ཁེ་ལས་འཆར་འགོད་ནོར་སྲིད་པུའུ་ཡི་མགོ་གཙོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཚུའེ་ཞང་མུའུ་ལ་སྐྱོན་འདོན་ཞུ་གཏུག་བྱ་རྒྱུའི་རེ་བ་ཞུས་པ་རེད།
ཧན་གོའི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་དབང་བཟུང་མེད་པའི་ཏང་གིས་ཚུའེ་ཞང་མུའུ་ཡིས་ཐོག་མཐའ་བར་གསུམ་དུ་ལས་གནས་སྟོང་པ་ཡིན་པའི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་བསྐོ་འཇོག་མི་བྱེད་པ་རྒྱུ་མཚན་དུ་བྱས་ནས་སྐྱོན་འདོན་ཞུ་གཏུག་གི་འཕྲལ་འདོན་གྲོས་གཞི་བཏོན་པ་རེད།
ན་ནིང་ཟླ12པའི་ཟླ་མཇུག་ཏུ། ཚུའེ་ཞང་མུའུ་ཡིས་རྒྱལ་ཚོགས་ཀྱིས་འོས་སྦྱོར་བྱས་པའི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན3ཁྲོད་ཀྱི་མི2བསྐོ་གཞག་བྱས་མོད། འོན་ཀྱང་སྲིད་དབང་བཟུང་མེད་པའི་ཏང་གིས་གྲོས་མཐུན་བྱུང་མེད་པར་ཁ་གཡར་ནས། སྲིད་དབང་བཟུང་མེད་པའི་ཏང་གིས་འོས་སྦྱོར་བྱས་པའི་མ་ཨེན་ཧོ་བསྐོ་འཇོག་བྱེད་པ“གནས་སྐབས་སུ་འགོར་འགྱངས”བྱས་པ་རེད།
ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ད་ལོའི་ཟླ2པའི་ཟླ་མཇུག་ཏུ། ཚུའེ་ཞང་མུའུ་ཡིས་མ་ཨེན་ཧོ་བསྐོ་འཇོག་མ་བྱས་པ་དེ་རྩ་ཁྲིམས་དང་འགལ་བར་གྱུར། རྩ་ཁྲིམས་ཁྲིམས་ཁང་གིས་ཙུང་ཐུང(ཙུང་ཐུང་ལས་ཚབ)གིས“རྒྱལ་ཚོགས་ཀྱིས་བདམས་པའི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འོས་མི་གདམ་གསེས་རང་བཞིན་གྱིས་བསྐོ་གཞག་བྱས་མི་ཆོག་པ”དང“འབྲེལ་ཡོད་རྩ་ཁྲིམས་ཀྱི་འོས་འགན་འཁུར་དགོས”ཞེས་བཤད་པ་རེད།
ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་ནི་སྤྱིར་བཏང་དུ་ཁྲིམས་དཔོན9ལས་གྲུབ་པའི་ཁྲོད་མི3ཙུང་ཐུང་གིས་འོས་སྦྱོར་བྱེད་པ་དང་། མི3རྒྱལ་ཚོགས་ཀྱིས་འོས་སྦྱོར་བྱེད་པ། མི3ཁྲིམས་ཁང་ཆེན་པོའི་མགོ་གཙོས་འོས་སྦྱོར་བྱེད་ཀྱི་ཡོད་པ་རེད། རྩ་ཁྲིམས་ཁྲིམས་ཁང་དུ་ད་ལྟ་སྔར་བཞིན་ཁྲིམས་དཔོན་གྱི་གདན་ཐོབ་གཅིག་སྟོང་བར་ལུས་ཡོད།
མིག་སྔར་རྩ་ཁྲིམས་ཁྲིམས་ཁང་གིས་ཙུང་ཐུང་དབྱིན་ཞི་ཡུའེ་ལ་སྐྱོན་འདོན་ཞུ་གཏུག་བྱས་པའི་གྱོད་གཞི་དང་། རྒྱལ་དོན་ཙུང་ལིས་ཧན་ཏེ་ཀྲུའུ་ལ་སྐྱོན་འདོན་ཞུ་གཏུག་བྱས་པའི་གྱོད་གཞི་སོགས་གྱོད་གཞིར་ཞིབ་གཅོད་བྱེད་བཞིན་ཡོད་པ་དང་། ཟླ3པའི་ཚེས24ཉིན། ཧན་ཏེ་ཀྲུའུ་ལ་སྐྱོན་འདོན་ཞུ་གཏུག་བྱས་པའི་གྱོད་གཞིར་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་རེད། ཉེས་བགྲང་ཞུ་གཏུག་གྱོད་གཞིར་གྲོས་འཆམ་འབྱུང་བར་ཉུང་མཐར་ཡང་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་དྲུག་གི་མོས་མཐུན་ཐོབ་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།