ཚེས21ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཐོ་རེངས་སུ་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་ནས་ཕྱིར་འཐེན་བྱེད་སྐབས། མངའ་སྡེ་དེའི་མངའ་ཁོངས་ཀྱི་སུའུ་ཅཱ་རང་བྱུང་སོལ་རླངས་ཚད་འཇལ་ས་ཚིགས་འགས་གཏོར་བཏང་བ་དང་། དེ་ནི་ཨུ་རུ་སུའི་ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་ལ་དམིགས་ནས་འཁྲུག་སློང་བྱས་པར་བརྩིས་ཆོག་ལ། དམིགས་ཡུལ་ནི་ཨ་རི་ཕྱོགས་ཀྱིས་བཏོན་པའི་གྲོས་གཞིར་གཏོར་བརླག་གཏོང་ཆེད་རེད།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། རང་བྱུང་སོལ་རླངས་ཚད་འཇལ་ས་ཚིགས་དེས་ཉིན་རེར་ཡོ་རོབ་གླིང་ལ་རང་བྱུང་སོལ་རླངས་སྨི་ངོས་སྙོམས་གྲུ་བཞི་མ་བྱེ་བ་བཞི་ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། 2024ལོའི་ཟླ8པའི་ཚེས7ཉིན་ནས་བཟུང་། ཝུའུ་ཁི་ལན་གྱི་དམག་གིས་ཚོད་འཛིན་བྱས་པ་མ་ཟད“བདེ་འཇགས”ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ས་ཚིགས་ཤིག་ཏུ་སྤྱོད་ཀྱིན་ཡོད།
ཚེས21ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་དུང་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། ཟླ3པའི་ཚེས15ཉིན་ནས་ཚེས21ཉིན་བར། ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་མཚོན་ཆ་དང་མི་མེད་གནམ་གྲུ་སྤྱད་དེ་ཝུའུ་ཁི་ལན་གྱི་དམག་དཔུང་གི་སྒྲིག་བཀོད་གལ་ཆེན་མང་པོ་ཞིག་ལ་གཅིག་བསྡུས་རྡུང་རྡེག་ཐེངས13ངཏང་པའི་ཁྲོད། དམག་སྤྱོད་གནམ་གྲུ་ཐང་དང་སྒྲིག་སྦྱོར་འཁོར་ཁང་། མདེའུ་མཛོད་ཁང་། མི་མེད་གནམ་གྲུ་གསོག་འཇོག་དང་བཀོལ་སྤྱོད་མི་སྣའི་སྦྱོང་བརྡར་རྟེན་གཞི་སོགས་ཚུད་ཡོད། དེ་དང་ཆབས་ཅིག ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་རུ་ཝུའུ་ཁི་ལན་གྱི་དམག་དཔུང་མུ་མཐུད་དུ་ཕམ་པར་བྱས།
ཨུ་རུ་སུའི་དམག་དཔུང་གིས་ད་དུང་ཝུའུ་ཁི་ལན་གྱི་དམག་དཔུང་གི་དམག་འཐབ་གནམ་གྲུ་ཞིག་དང་མི་མེད་གནམ་གྲུ1100ལྷག་ཙམ་ལ་གཏོར་བརླག་བཏང་བ་དང་། དེའི་ཁྲོད་མི་མེད་གནམ་གྲུ500ལྷག་ཙམ་དམིགས་བསལ་དམག་དོན་བྱ་སྤྱོད་ས་ཁོངས་ཕྱི་རོལ་དུ་གཏོར་བ་རེད།
ཤ་བོ་རིན་མཚོས་བསྒྱུར།